《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月25日

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》

(གནད་བསྡུས་ངོ་སྤྲོད)

《རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་ གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད》

(2021ལོའི་ཟླ་2ཚེས་25ཉིན)

《རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད》ནང་། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་ཐག་གཅོད་བྱས་ནས་དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་བྱས་ཏེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་སླར་ཡང་བཏོད་ཡོད་ཅེས་རྔམ་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་གནང་ཡོད།

རྩོམ་ཡིག་ནང་བསྟན་དོན། ང་ཚོས་རང་རྒྱལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་དབུལ་ཕོངས་ཉུང་གཏོང་གི་ཆོས་ཉིད་ལ་སྟངས་འཛིན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་ཕོངས་ཉུང་གཏོང་གི་འགྲོ་ལམ་ཐོག་བསྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་རྒོལ་གྱི་རིགས་པའི་གཞུང་ལུགས་ཤིག་ཆགས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་རླབས་པོ་ཆེས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་སྐྱེད་སྲིང་བྱས་ཡོད།

རྩོམ་ཡིག་ནང་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེ་ཐོག་ནས་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ་དང་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། དབུལ་ཞྭ་ཕུད་པ་ནི་མཇུག་བསྡུས་པ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་འཛུགས་པ་ཞིག་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ནས་དབུལ་སྒྲོལ་གྱི་རྨང་གཞི་དེ་བས་བརྟན་པ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཡོང་བར་བྱེད་དགོས།

《ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ ཐུབ་པར་འབད་བརྩོན་བྱེད་དགོས》

(2021ལོའི་ཟླ་5ཚེས་28ཉིན)

《ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཐུབ་པར་འབད་བརྩོན་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གནང་བའི་གསུང་བཤད་ཀྱི་དུམ་བུ་ཞིག་རེད།

རྩོམ་ཡིག་ནང་བསྟན་དོན། ཚན་རྩལ་དར་ན་མི་རིགས་དར་བ་དང་ཚན་རྩལ་སྟོབས་ཆེར་ཕྱིན་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ངེས་པར་དུ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་བ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་མགྱོགས་མྱུར་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཐུབ་པར་བྱེད་དགོས།

རྩོམ་ཡིག་ནང་ནན་བཤད་གནང་དོན། དེང་གི་འཛམ་གླིང་གི་འགྲན་རྩོད་མཐར་གཏུགས་ནས་བཤད་ན། ཤེས་ལྡན་མི་སྣའི་འགྲན་རྩོད་དང་སློབ་གསོའི་འགྲན་རྩོད་ཅིག་རེད། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་མཐར་གཏུགས་ནས་བཤད་ན། ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་མི་སྣར་བརྟེན་དགོས། རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་གོ་ལ་ཧྲིལ་པོའི་ཤེས་ལྡན་མི་སྣའི་མཐོ་ས་གཏོད་དགོས།

(ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་6ཉིན)