2023ལོའི་ཟླ་12པའི་ཉིན་ཞིག་གི་ཆུ་ཚོད་20དང་སྐར་མ་30ཡས་མས་ལ་ལྷ་གཞིས་ལྕགས་ལམ་གྱི་ཆུ་ཤུར་ནས་ཚ་རགས་བར་གྱི་ལམ་དུམ་བུར་མི་འགའ་ཞིག་གིས་ལག་སྒྲོན་སྤར་ནས་ལས་ཀ་བྱེད་བཞིན་མཆིས། ཟི་ལིང་འཕྲིན་གཏོང་དུམ་བུའི་གཞིས་རྩེ་འཕྲིན་གཏོང་འཁོར་ཁང་སྙེ་མོ་འཕྲིན་གཏོང་ཕྱོགས་བསྡུས་བཟོ་ཁུལ་གྱི་ལས་མི་བཞིས་ལྕགས་ཁྱེམ་དང་། ལྕགས་ཧྲེང་། འོད་སྐུད་ཀྱི་མཚོན་རྡོ་བཅས་འཁྱེར་ནས་ཚེར་མའི་དཀའ་ཚེགས་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།
ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་ཡོད་པའི་སྙེ་མོ་འཕྲིན་གཏོང་ཕྱོགས་བསྡུས་ལས་ཁུལ་གྱིས། ལྷ་གཞིས་ལྕགས་ལམ་གྱི་ཆུ་ཤུར་ནས་རིན་སྤུངས་བར་གྱི་འཕྲིན་གཏོང་སྒྲིག་ཆས་བདག་སྐྱོང་ཉམས་བཟོའི་ལས་འགན་འཁུར་གྱི་ཡོད། ཁོངས་གཏོགས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3800ཟིན་པ་དང་། ས་མཐོའི་དྲོད་ཁུལ་གྱི་ཕྱེད་ཐན་པའི་དུས་རླུང་གི་གནམ་གཤིས་ཁོངས་སུ་གཏོགས་པ། ལོ་ཧྲིལ་པོར་ལྷགས་པ་ཆེན་པོ་རྒྱག་པ། དུས་ཡུན་རིང་པོར་སྨུག་ཕྱིའི་འོད་ཟེར་འཕྲོ་བ་དང་ཆར་རླུང་ཁྲོད་འཕྲིན་གཏོང་འོད་སྐུད་ཀྱི་མཚོན་རྡོ་རླུང་གིས་ཟད་སླ་བས་དུས་བཀག་ནང་མཚོན་རྡོ་ཉམས་བཟོ་དང་གསར་འཛུགས་བྱ་རྒྱུ་ནི་བཟོ་ཁུལ་གྱི་ལས་འགན་གཙོ་བོར་གྱུར།
འཕྲིན་གཏོང་འོད་སྐུད་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ན་ནིང་ཟླ་10པ་ནས་བཟུང་ཟི་ལིང་འཕྲིན་གཏོང་དུམ་བུས་རྒྱུན་གཏན་གྱི་ཞིབ་བཤེར་བཟོ་བཅོས་ཀྱི་གོ་སྐབས་སྤྱད་དེ། ཁོངས་གཏོགས་ཁུལ་གྱི་བར་མཚམས་ཀྱི་འཕྲིན་གཏོང་འོད་སྐུད་ཀྱི་ལམ་ཐིག་ལ་ཚད་ལྡན་བཅོས་སྒྲིག་བྱས་པ་དང་འབྲེལ། སྨི་50རེའི་ཚད་གཞི་ལྟར་འོད་སྐུད་ཀྱི་མཚོན་རྡོ་གསར་པ་བཙུགས་ཏེ་མི་རྣམས་ལ་དྲན་སྐུལ་ཐུབ་པར་བྱས་ཡོད།
མཚོན་རྡོ་འཛུགས་ས་གསར་པར་སླེབས་སྐབས་ཚང་མར་དཀའ་ངལ་མང་པོ་འཕྲད་ཅིང་། ས་དོང་གཏིང་རིང་པོ་མ་དྲུས་ཚེ་མཚོན་རྡོ་བརྟན་པོ་ཡོང་གི་མེད། ས་བབ་མཐོ་ལ་གསོ་རླུང་མི་འདང་བའི་དབང་གིས་ཡུན་རིང་མ་སོང་བར་ཁོང་ཚོ་དཀའ་ལས་ཁག་ནས་དབུགས་ཧལ་ཡང་མཚོན་རྡོ་འཛུགས་མཚམས་འཇོག་གི་མེད། ཆུ་ཚོད་21དང་སྐར་མ་10ཙམ་ལ་ལས་མི་ལྷ་མོ་ཚེ་བརྟན་གྱིས་ས་དོང་གཏིང་རིང་ཐུང་ལ་བལྟས་ཤིང་། གཏིང་རིང་ཐུང་འཚམ་པོ་བྱུང་རྗེས་ཁོང་གིས་ལས་མི་ཐང་དབུན་དང་མཉམ་དུ་ཕྱོགས་གཉིས་སུ“ལྕགས་ལམ་གྱི་འོད་སྐུད”དང“གནས་སྤོ་བྱེད་མི་རུང”ཞེས་པའི་ཡི་གེ་ཡོད་པའི་མཚོན་རྡོ་ས་དོང་ནང་སྦས་པ་དང་དེ་ནས་ལས་མིའི་ཁྲེ་ཀོང་ཕིང་གིས་ལྕགས་ཁྱེམ་གྱིས་ས་དོང་ས་རོ་རྡོ་རོས་བརྒྱངས། མི་འགའ་ཞིག་གི་གཞོགས་འདེགས་ཧུར་ཐག་འོག་འོད་སྐུད་ཀྱི་མཚོན་རྡོ་གསར་རྐྱང་ཞིག་སེག་མའི་ཁྲོད་བརྟན་པོར་བཙུགས།
ཐོ་རེངས་ཀྱི་ཆུ་ཚོད་2དང་སྐར་མ་30ཡི་ཐོག་ལས་ཀ་གཞི་ནས་ཚར་ཞིང་། མཚན་མོ་དེ་རང་དུ་ཁོང་ཚོས་རྐང་ཐང་མར་སྤྱི་ལེ་8བསྐྱོད་དེ་འོད་སྐུད་ཀྱི་མཚོན་རྡོ་བཞི་བཙུགས་པ་དང་མཚོན་རྡོ་རྙིང་པ་20ལ་བཀྲག་རྩི་བཏང་ནས་ཉམས་བཟོ་བྱས། དེ་ནས་ངལ་དུབ་ཀྱིས་མནར་བའི་ཁོང་ཚོ་རང་ཁྱིམ་དུ་དལ་གྱིས་ལོག
(བསོད་བདེ་གཞོན་པས་བསྒྱུར། སྤེན་ཚེས་ཞུས)