《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月24日

ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

—— རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ལ་བཅར་འདྲི་ཞུས་པ།

2023ལོར། རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་བརྟན་པོ་བྱུང་བ་དང་། འཛད་སྤྱོད་ཀྱི་གཞི་ཁྱོན་རྒྱུན་མཐུད་རྒྱ་ཆེར་སོང་བ། འཛད་སྤྱོད་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། འཛད་སྤྱོད་ཆེ་རིགས་དང་འཛད་སྤྱོད་རྣམ་པ་གསར་པ་དང་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་པ། ཁྲོམ་རའི་བྱེད་པོ་སྣ་མང་ཅན་འཕེལ་རྒྱས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་བཅས་བྱུང་སྟེ། སྤྱིའི་ཆ་ནས་བརྟན་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཇི་ལྟར་བྱེད་པར་དམིགས་ནས་གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

ཧྲི་ཁྲེང་ཧྭ་ཡིས་བརྗོད་དོན། གྲུབ་འབྲས་འདི་དག་ནི་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་བྱ་ཐབས་ནུས་ལྡན་རབ་དང་རིམ་པའི་སྐུལ་འདེད་ལ་བརྟེན་ནས་ཐོབ་པ་ཞིག་རེད། 2023ལོ་ཚུན་དུ། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུ་སྔོན་འགྲོའི་གནས་བབ་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་འགའ་ཞིག་བཀྲམ་རྒྱུའི་བརྡ་ཐོ》དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) 《བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་13གྱིས〈ཁྱིམ་ཚང་ལ་མཁོ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས〉བཀྲམ་རྒྱུའི་བརྡ་ཐོ》དེ་བཞིན《མཚན་མོའི་དཔལ་འབྱོར་དང་གུང་གསེང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས》སོགས་ཀྱི་ཡིག་ཆ་སྣེ་ཁྲིད་ནས་གཏན་འབེབས་བྱས་ཡོད། དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཁྲོམ་ར་འཁྲུག་ཆ་དོད་དུ་བཏང་བ་དང་གདེང་ཚོད་འཕེལ་བར་བྱས་ཡོད། 2023ལོར། རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)གྱི་རིམ་གཉིས་ཚོང་དོན་སྡེ་ཚན་གྱིས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། བཟའ་བཏུང་སོགས་ཀྱི་གཙོ་གནད་འཛད་སྤྱོད་ཁྱབ་ཁོངས་ལ་དམིགས་ཏེ“བདེ་སྐྱིད་ལྡན་པའི་བོད་ལྗོངས། འཛད་སྤྱོད་ལ་ཅི་འགར་རོལ་བའི”འཛད་སྤྱོད་བྱེད་ཚད་མང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ་མཚན་མོའི་དཔལ་འབྱོར་དང་གུང་གསེང་དཔལ་འབྱོར་དར་རྒྱས་བཏང་ཡོད། རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་ལས་རིགས་མཐུན་ཚོགས་དང་མཉམ་དུ“ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་བྲོ་བ”རྒྱུན་འཛིན་གསར་གཏོད་འགྲན་བསྡུར་ཆེན་པོའི་ས་ཁུལ(གྲོང་ཁྱེར)གྱི་གྲ་སྒྲིག་འགྲན་བསྡུར་དང་མཐའ་བསྡུར་བྱེད་སྒོ་སྤེལ་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། བོད་ལྗོངས(ལྷ་ས)རླངས་འཁོར་འགྲེམས་ཚོགས་སྐབས་བརྒྱད་པ་དང་སྐབས་དགུ་པ་གཉེར་བར་མཛུབ་ཁྲིད་བྱས་པས་རླངས་འཁོར་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་1.9ལྷག་ཙམ་ཟིན་ཡོད། ཆུ་གསུམ་རྫོང་གི་2023ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་ཞིང་ལས་ཐོན་རྫས་འགྲེམས་ཚོང་འདུ་ཚོགས་སོགས་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས་དང་གྲོང་ཁྱེར)གི་ཞིང་འབྲོག་ཐོན་རྫས་ཚོང་འདུས་དང་འགྲེམས་ཚོང་འདུ་ཚོགས་29ལ་ཆོག་མཆན་བཀོད་ནས་མཛུབ་ཁྲིད་བྱས་ཤིང་། ས་མཐོའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་དང་ཁྱད་ལྡན་མི་རིགས་ལག་ཤེས་ཐོན་རྫས་སོགས་ཚོང་ཟོག་བྲིན་ཚོང་གི་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་4.2ལྷག་ཙམ་ཟིན་ཡོད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་ཁེ་ལས་ཀྱི་བྲིན་ཚོང་དངུལ་འབོར་འཕར་སྣོན་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྣ་མང་ཅན་དང་རིམ་པ་མང་བའི་འཛད་སྤྱོད་དགོས་མཁོ་སྐོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད།

གཞན་ཡང་། 2023ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི“བོད་ཀྱི་རྙིང་ཁུངས་མིང་ཅན”12གཏན་འཁེལ་བྱས་ནས་སྒོ་བྱང་སྤྲོད་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། བྱ་དགའི་དངུལ་འབོར་སྒོར་ཁྲི་120སྤྲད་དེ“བོད་ཀྱི་རྙིང་ཁུངས་མིང་ཅན”གཅིག་ཀྱང་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། མུ་འབྲེལ་གཉེར་སྐྱོང(སྟབས་བདེའི་ཚོང་ཁང)འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་2023ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་མུ་འབྲེལ་གཉེར་སྐྱོང(སྟབས་བདེའི་ཚོང་ཁང)འཕེལ་རྒྱས་དང་མཐུན་པའི་རྣམ་གྲངས་ལ་བྱ་དགའི་དངུལ་སྤྲད་ཡོད། བོད་ཀྱི་བཟའ་བཏུང་ལས་རིགས་དང་འབྲེལ་བ་ཡོད་པའི་ས་གནས་ཀྱི་ཚད་གཞི་དང་པོ《ལྗང་མདོག་བཟའ་བཏུང་ཁེ་ལས་ཀྱི་གདེང་འཇོག་ཚད་གཞི》འཆར་ཟིན་བཀོད་པ་དང་འབྲེལ་ཁྱབ་བསྒྲགས་བྱེད་པར་སྐུལ་འདེད་བཏང་ཡོད།

ཧྲི་ཁྲེང་ཧྭ་ཡིས་ངོས་འཛིན་བྱས་དོན། གོམ་སྟབས་རྗེས་མའི་ལས་དོན་ནང་། འཛད་སྤྱོད་ཀྱི་རྣམ་པ་མགྱོགས་མྱུར་གསར་གཏོད་བྱས་ནས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དམ་འཛིན་བྱ་གཞིར་བརྩིས་ནས་བཟའ་བཏུང་དང་། ཕྱིར་སྐྱོད། ཞག་སྡོད། ཡུལ་སྐོར། ཉོ་སྒྲུབ། རིག་གནས་རོལ་རྩེད། ལུས་རྩལ་སོགས་མཚོན་བྱེད་དུ་བྱས་པའི་ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་རེ་སྒུག་གསར་པ་ཟམ་མི་ཆད་པར་སྐོང་དགོས། སྲོལ་རྒྱུན་སིལ་ཚོང་དང་དྲ་ཐོག་ཚོང་དོན་ཐབས་ལམ་དང་སྡེབ་སྐྱེལ་ཁེ་ལས་བཅས་མགྱོགས་མྱུར་མཉམ་འདྲེས་གཏིང་ཟབ་བྱེད་པ་དང“དྲ་སྦྲེལ་+”སོགས་ཀྱི་འཛད་སྤྱོད་ལས་རྣམ་གསར་པ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། སྲོལ་རྒྱུན་གྱི་འཛད་སྤྱོད་གྲངས་འཛིན་ཅན་ལ་མགྱོགས་མྱུར་བསྒྱུར་ནས་དྲ་ཐོག་ཚོང་དོན་དང་། ཐད་གཏོང་དཔལ་འབྱོར། དྲ་ཐོག་རིག་གནས་རོལ་རྩེད་སོགས་ཀྱི་གྲངས་འཛིན་འཛད་སྤྱོད་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲ་ཐོག་ཚོང་དོན་ཐད་གཏོང་དང་སྤྲོ་གསེང་ཞིང་ལས་དང་། རིག་གནས་ཡུལ་སྐོར། ལུས་གསོས་ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ཏེ། གཙོ་གནད་འཛད་སྤྱོད་གླིང་དང་འདུ་འཛོམས་ཁུལ་ཁག་གཅིག་སྐྲུན་དགོས། སྐབས་འཕྲལ་སིལ་ཚོང་དང་རིག་ལྡན་ཚོང་ཁང་སོགས་ཀྱི་སིལ་ཚོང་ལས་རྣམ་གསར་པ་འཕེལ་རྒྱས་ལ་སྐུལ་ལྕགས་བྱེད་དགོས། ཁྱད་ལྡན་ཚོང་ཁང་གི་དཔལ་འབྱོར་དང་འགྲེམས་སྤེལ་དང་པོའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཚོང་ལས་སྤུས་རྟགས་གྲགས་ཅན་གྱིས་ཁྱད་ལྡན་ཚོང་ཁང་བསྐྲུན་པ་དང་། སྤུས་རྟགས་ཐོག་མར་འདོན་པ། ཐོན་རྫས་གསར་པ་ཐོག་མར་འགྲེམས་སྤེལ་བཅས་ལ་སྐུལ་ལྕགས་བྱེད་དགོས། མཚན་མོའི་འཛད་སྤྱོད་ཆེ་རིགས་གསར་པ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། མཚན་མོའི་དཔལ་འབྱོར་གྲོང་ཁྱེར་སྐྱེད་སྲིང་དང་བསྐྲུན་པ། གྲོང་ཁྱེར་གྱི“མཚན་མོའི་དཔལ་འབྱོར”གྱི་གནས་རྟགས་ཁག་གཅིག་གཏོད་པ་བཅས་བྱས་ནས་མཚན་མོའི་དཔལ་འབྱོར་འདུ་འཛོམས་ཁུལ་ཁག་གཅིག་སྐྲུན་དགོས། གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ནང་དོན་སྔོག་འདོན་དང་། དར་སྲོལ་སྤུས་རྟགས་གྲགས་ཅན་དང་རྙིང་ཁུངས་མིང་ཅན་གྱི་རང་རྒྱལ་གྱི་ཐོན་རྫས་སྤུས་དག་གསར་པ་གཅིག་སྡུད་བྱས་ནས“སྲོལ་རྒྱུན་རིག་གནས”དང“དེང་རབས་དར་སྲོལ”དང་། “རྙིང་ཁུངས་མིང་ཅན”དང“དྲ་ཐོག་མིང་ཅན་གསར་པ”བཅས་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།

གཞན་ཡང་། ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་མཁོ་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་གཏིང་ཤུགས་གང་མགྱོགས་འདོན་དགོས། “གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་ལེགས་སུ་གཏོང་བ། རིམ་པ་རབ་འབྲིང་དང་། སྣ་མང་ཅན། རིམ་པ་མང་བ་བཅས་ཀྱི་ཚོང་ཟོག་ཞབས་ཞུའི་མཁོ་སྤྲོད་མ་ལག་བསྐྲུན་པ། མཁོ་སྤྲོད་མ་ལག་གི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་མཁོ་སྤྲོད་ལ་བརྟེན་ནས་རིམ་པ་རྒྱུན་ཆད་མེད་པར་འཕར་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་དགོས། གཙོ་གནད་ལེགས་ཆའི་ཐོན་ལས་ལ་དམིགས་ཏེ། ས་ཁུལ(གྲོང་ཁྱེར)གྱིས་ཚོང་ཟོག་འགྲེམས་ཚོང་ཚོང་འདུས་དང་། འགྲེམས་ཚོགས། ཚོང་འདུས། དམངས་སྲོལ་དུས་ཆེན། སྤུས་རྟགས་འགྲེམས་སྟོན། ཁྱད་ལྡན་ཚོང་ཁྲོམ་སོགས་ཀྱི་བྱེད་སྒོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པར་སྐུལ་མ་བཏང་ནས‘གྲོང་ཁྱེར་རེར་འགྲེམས་སྟོན་རེ’དང‘ལས་རིགས་རེར་འགྲེམས་སྟོན་རེའི’ཁྱད་ལྡན་སྤུས་རྟགས་བཏོད་དེ། ཚོགས་འགྲེམས་འཛད་སྤྱོད་སྔར་བས་རྒྱ་ཆེར་གཏོང་དགོས། ནུས་རྒྱུ་གསར་པའི་རླངས་འཁོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། ལྗང་མདོག་ཨར་ལས་རྒྱུ་ཆ་དང་ལྗང་མདོག་རྒྱན་སྤྲོས་མཛེས་བཟོ་ཁྱབ་གདལ་བཏང་སྟེ། ལྗང་མདོག་ཚོང་ར་དང་ལྗང་མདོག་གསོལ་མགྲོན་ཁང་བསྐྲུན་པ། ལྗང་མདོག་འཛད་སྤྱོད་དང་བདེ་ཐང་འཛད་སྤྱོད་དར་སྤེལ་གཏོང་བ་བཅས་བྱེད་དགོས། བཟའ་བཏུང་གི་སྤུས་ཚད་མཐོ་རུ་དང་རིམ་པ་སྤོར་བར་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གཡོས་སྦྱོར་ལག་རྩལ་སྔོག་འདོན་གཏིང་ཟབ་བྱས་ཏེ་ཁྱད་ཆོས་ལྡན་པའི་བཟའ་བཏུང་སྤུས་རྟགས་གཏོད་དགོས”ཞེས་ཧྲི་ཁྲེང་ཧྭ་ཡིས་བརྗོད།

(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)