འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བསྟན་ཁོ་དང་། རྒྱལ་མཚན། ཝང་ཅུན་བཅས་དང་། དེ་བཞིན་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཀྲང་ཡན་ཆིང་དང་། འཇམ་དཔལ། ཐང་མིང་དབྱིང་། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་། ཏང་ཙུའི་ཁོངས་མི་དང་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི“གཙོ་གནད་གཅིག་དང་འཆར་གཞི་གསུམ”ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཀྱང་རེད།
བློ་བཟང་རྒྱལ་མཚན་གྱི་ནན་བཤད་གནང་དོན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་མངོན་གསལ་དོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསྙོན་མེད་དོན་དམ་མངོན་གསལ་དོད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཨང་དང་པོ་མངོན་གསལ་དོད་པ། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ། ཁྲིམས་འཛུགས་དབང་ཆ་དང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ཁྲིམས་བཞིན་ཡག་པོ་སྤྱད་ནས་གཞུང་འཁྱོངས་གསར་འབྱེད་ཀྱིས་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་ནས་འབྲེལ་ཡོད་ལམ་ལུགས་སྔར་བས་ཡག་པོ་འཛུགས་པ་དང་། འཐུས་སྒོ་ཚང་དུ་གཏོང་བ། བེད་སྤྱོད་ཡག་པོ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཞུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་མི་དམངས་རང་ཁྱིམ་རང་བདག་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས། “ལས་ཁུངས་བཞིའི”ངེས་གནས་དང་བླང་བྱར་གཞི་ཚུགས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། དམ་འཛིན་ལྷོད་མེད་ཀྱིས་སྒྲིག་ཁྲིམས་འཛུགས་སྐྱོང་ཡག་པོ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། གཞུང་འཁྱོངས་གསར་འབྱེད་དང་རང་འགན་ཐེག་པ་འཁུར་ལེན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཀྲུའུ་རེན་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་ཟླ་དང་པོའི་ཟླ་སྨད་དུ་ལྷ་སར་འཚོག་རྒྱུ་དང་། གྲོས་འགོའི་གྲོས་རིམ་ནང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བྱ་ཐབས〉བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱེད་རྒྱུ་དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས〉བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱེད་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་བྱེད་པར་འབུལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ། 《ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོལ་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག》ལ་ཞིབ་བཤེར་བྱེད་རྒྱུ། མི་དོན་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ་སོགས་ཚུད་ཡོད་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་དང《ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོལ་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག》ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་གསན་པ་དང་། མི་དོན་བསྐོ་འཐེན་དོན་ཚན་ལ་ཞིབ་འཇུག་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པར་གྲོས་ཞིབ་ལ་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་གནས་ཚུལ་གྱི་སྙན་ཞུ་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་གྲོས་ཞིབ་སྙན་ཞུ་གསན་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)