《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月24日

རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

ཟླ་1ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

ཟླ་1ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རང་རྟོགས་དང་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རང་རྟོགས་དང་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཁྲེན་ཡུང་ཆི་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་དང་། ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་མ་ཟད། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་གནད་དོན་གལ་ཆེན་གསུམ་ལ་ཚན་རིག་དང་མཐུན་པའི་ལན་བསྐྱོན་པ་དང་རང་ངོས་གསར་བརྗེའི“འཛིན་པ་དགུ”ཡི་ལག་ལེན་བླང་བྱར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་གནང་བ་དང་འབྲེལ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ཤུགས་སྣོན་དང་སྐུལ་འདེད་གཏིང་ཟབ་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་སྟེ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཝང་ཅུན་ཀྲེང་གིས་བསྟན་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལས་དོན་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་པ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་དང་། རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཏིང་ཚད་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་འགོག་ཟོན་དང་བཅོས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གི་ཏང་སྲོལ་སྲིད་སྲོལ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཕྱར་བ་གྲུ་འདེགས་བྱེད་དགོས།

ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་པར་འགན་ལེན་བྱེད་དགོས། “སྲུང་སྐྱོང་གཉིས”ཀྱི་འགན་འཁྲི་གལ་ཆེན་ལ་སྟངས་འཛིན་ནན་པོ་བྱས་ནས་ཆབ་སྲིད་ཀྱི་ལྷག་བསམ་དང་། ཆབ་སྲིད་ཀྱི་བདེ་འཇགས། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་ལངས་ཕྱོགས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་བཅས་ལ་ལྟ་སྐུལ་གཏིང་ཟབ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལ་དམིགས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སྲུང་སྐྱོང་གཉིས”དེ“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པའི་ཐོག་དོན་འཁྱོལ་བྱེད་པར་རྒྱུན་ཆད་མེད་པར་ལྟ་སྐུལ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། “ཡོད་པ་བདུན”གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡིན་མིན་ཆེན་པོའི་གནད་དོན་གྱི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ཐུབ་པ་བྱེད་དགོས།

རུལ་སུངས་བྱེད་མི་ཕོད་པ་དང་། བྱེད་མ་ཐུབ་པ། བྱེད་མི་འདོད་པ་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་སྟངས་འཛིན་ཡང་དག་བྱས་ནས་ནན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་རུལ་སུངས་ལ་ཆད་གཅོད་དང་ལྐོག་ཟ་བྱེད་མཁན་ལ་ཐག་གཅོད་ནན་པོ་བྱེད་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ནན་པོ་བྱེད་པ། གཞི་རིམ་གྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་ཆུང་ཙག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གཟེར་འདེབས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་མཐའ་གཅིག་ཏུ་སྲུང་བ་དང་། རྒྱུན་རྣམ་ཅན་ལ་བརྟེན་ནས“སྤྱོད་ཚུལ་བཞི”ལ་བཅོས་སྒྲིག་བྱེད་ཤུགས་རྒྱུན་འཁྱོངས། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ་དངུལ་སྐར་མ་གཅིག་ཀྱང་སྤྱོད་མཁོ་ཆེ་སར་སྤྱོད་ཐུབ་པ་བྱེད་དགོས།

ནན་ལ་ཏན་ཏིག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་ཁུར་དགོས། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བྱེད་པོའི་འགན་འཁྲི་དང་། འགན་འཁྲི་དང་པོ། ལས་གནས་གཅིག་ལ་འགན་འཁྲི་གཉིས་བཅས་དོན་འཁྱོལ་ནན་ཏན་དང་། “དབྱེ་བ་གསུམ་འབྱེད་པ”དོན་འཁྱོལ་ནན་ཏན། འགན་འཁྲི་བདའ་འདེད་གཏོང་བའི་བྱེད་ཐབས་ཡག་པོ་སྤྱོད་པ། གནད་སྨིན་དང་ཕན་ནུས་ལྡན་པ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པས་བློ་བདེ་བག་ཕེབས་དང་སེམས་ནུས་གཅིག་སྒྲིལ་གྱིས་ལས་སྒྲུབ་དང་བྱ་གཞག་གཏོད་ཐུབ་པ་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་སྒྲིག་ཁྲིམས་དཔུང་ཁག་ཅིག་རེད་ལ། ཏང་གི་རང་ངོས་གསར་བརྗེའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་མཐའ་འཁྱོངས་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་ནུས་པ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་དང་། བློས་མཐའ་གཅིག་ཏུ་འཁེལ་བ། སྤྱོད་པ་མཐའ་གཅིག་ཏུ་གཙང་བ་བཅས་བྱེད་དགོས། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལྟར་འགན་འཁྲི་བསྒྲུབ་པ་མཐའ་འཁྱོངས་དང་། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བཅས་བྱས་ཏེ་རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་ཧུར་ཐག་བྱེད་དགོས།

དེ་རྗེས་འཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།

ཚོགས་འདུ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)