འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་ཐཱན་ཉུང་འབྱུང་འཕྲོད་དངུལ་ཁང་ས་ཚིགས་ཨང་དང་པོའི་སྒོ་བྱང་འགེལ་བའི་མཛད་སྒོ་ཞིང་ལས་དངུལ་ཁང་ལྷ་ས་གྲོང་བྱང་ཉིང་ལག་དངུལ་ཁང་དུ་འཚོགས་པ་དང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་འགོ་ཁྲིད་གཙོ་བོ་དང་མི་དམངས་དངུལ་ཁང་སོགས་ལྗོངས་དང་གྲོང་ཁྱེར་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བ་མཛད་སྒོར་བཞུགས་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཞིང་ལས་དངུལ་ཁང་གིས་འབྱུང་འཕྲོད་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་ཏན་ཏིག་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས། ཐོག་མཐའ་བར་གསུམ་དུ་འབྱུད་འཕྲོད་དངུལ་ཁང་གང་མགྱོགས་གཏོད་རྒྱུ་གཙོ་བོར་འཛིན་ནས། འབྱུང་འཕྲོད་དངུལ་ཁང་གི་ཐོན་རྫས་དང་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་ལེགས་སྒྲིག་དང་། འབྱུང་འཕྲོད་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། འབྱུང་འཕྲོད་དངུལ་ཁང་དང་འབྱུང་འཕྲོད་ས་ཚིགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གང་ལེགས་བཏང་བ་དེས། ལྗོངས་ཡོངས་ཀྱི་འབྱུང་འཕྲོད་དཔལ་འབྱོར་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
ད་ཐེངས་ཀྱི་མཛད་སྒོར་གྲོང་བྱང་ཉིང་ལག་དངུལ་ཁང་ལ་ཐཱན་ཚད་སྙོམ་སྦྱོར་དང་ཐཱན་འབུད་ཉུང་གཏོང་གི་ལག་ཁྱེར་ཐོབ་ནས། ལྗོངས་ཡོངས་ཀྱི་འབྱུང་འཕྲོད་དངུལ་ཁང་ས་ཚིགས་ཨང་དང་པོ་
དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་ལས། བོད་ལྗོངས་ཡན་ལག་དངུལ་ཁང་གི་གོང་འོག་ཚན་པ་ཁག་གིས་འབྱུང་འཕྲོད་དངུལ་ཁང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ལྷ་སའི་དཔལ་འབྱོར་འབྱུང་འཕྲོད་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་པར་རྒྱབ་སྐྱོར་ནུས་ལྡན་བྱས་པ་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་མཚོན་ཡོད།
(འཕྲིན་སྤེལ་བ། ཆོས་གྲགས)