འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། “2023ལོའི་ཟླ་12པའི་ཟླ་འགོ་བར། བྲག་ཡིབ་ཆུས་ཀྱིས‘ཞིང་གྲོལ་ཀུན་སྒྲུབ’ཀྱི་ལས་སྒོ་14381གཉེར་བ་དང་། ཐེམ་ཐོའི་ལས་སྒོ་895དང་། སྨན་བཅོས་འགན་བཅོལ་ལས་སྒོ་13461 དམངས་སྲིད་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྒོ་7 གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་གཞན་སྒྱུར་ལས་སྒོ་18བཅས་བདག་སྤྲོད་བྱས་པ་དང་། གཉེར་མང་བའི་ལས་སྒོ་2022ལོའི་ཁག་4ནས་2023ལོའི་ཁག་24བར་མང་དུ་ཕྱིན་ནས་ཁེ་ལས་དང་མི་སྒེར་གྱི་སྒྲུབ་གཉེར་དུས་ཚོད་ཐུང་དུ་ཕྱིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་བདེ་སྐྱིད་ལྷ་མོས་ངོ་སྤྲོད་བྱས།
2023ལོ་ཚུན་དུ། བྲག་ཡིབ་ཆུས་ཀྱིས“ཞིང་གྲོལ་ཀུན་སྒྲུབ”ཀྱི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། “ཞིང་གྲོལ་ཀུན་སྒྲུབ”ཀྱི“ཁྱབ་རྒྱ”དེ་ཁྲུང་ཆིང་དང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན(གྲོང་ཁྱེར)4རུ་རྒྱ་ཆེར་བཏང་ནས་སྨན་བཅོས་ཀྱི་གྲོན་དངུལ་ས་ཆ་གཞན་དུ་ཐད་ཀར་རྩིས་རྒྱག་པ་དང་། ཐེམ་ཐོ་ཡུལ་གཞན་དུ་བསྒྱུར་བ། དབང་སྐྱོན་གྱི་ལག་ཁྱེར་གཉེར་བ་དང་བསུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གཞན་སྒྱུར་སོགས་ཀྱི་ལས་སྒོ་མང་པོ་གཉེར་ཏེ་མང་ཚོགས་ཀྱིས་ས་གནས་གཞན་དུ་ལས་གཉེར་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།
“ཞིང་གྲོལ་ཀུན་སྒྲུབ”ཀྱི་སྟབས་བདེའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། བྲག་ཡིབ་ཆུས་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་གཅིག་གྱུར་ཐོག་ལས་སྒྲུབ་ཕྱོགས་སྟོན་བཟོས་ནས་ལས་སྒོ་24ས་ཁོངས་བསྒྲལ་ཡང་དབྱེ་བ་མེད་པར་བདག་སྤྲོད་དང་། ཚད་གཞི་གཅིག་མཚུངས་ངང་སྒྲུབ་པ། ལས་ཕྱོད་ཆེན་པོས་སྒྲུབ་གཉེར་བཅས་བྱས་ཡོད། ལས་རིགས་ཀྱི་ཆེད་ལས་དྲ་བར་བརྟེན་པ་དང་མཉམ་ལས་ས་ཁུལ་དབར་གྱི་ལས་སྒོའི་འཁོར་འབྲེལ་དང་གྲངས་གཞི་མཉམ་སྤྱོད་ཀྱི་འགག་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་གློག་རྡུལ་ལག་ཁྱེར་ས་ཁོངས་བསྒྲལ་ཡང་མཉམ་འབྲེལ་དང་ཕན་ཚུན་ཁས་ལེན་ལ་སྐུལ་འདེད་བཏང་སྟེ་སྨན་བཅོས་འགན་བཅོལ་དང་། སྤྱི་ཚོགས་འགན་བཅོལ། ཐེམ་ཐོ་སོགས་ཁྱབ་ཁོངས་ཀྱི་གཉེར་མང་བའི་ལས་སྒོ་ཞིང་ཆེན་གྲོལ་བའི་དྲ་ཐོག་ནས་གཉེར་ཆོག གཞན་ཡང་། སྐར་ཁུང་ཞབས་ཞུའི་མི་སྣར“ཞིང་གྲོལ་ཀུན་སྒྲུབ”ཀྱི་ལས་སྒོ་གསོ་སྦྱོང་བྱས་ནས་ཞབས་ཞུའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་སྒྲུབ་མང་ཚོགས་ལ་སྲིད་ཇུས་འགྲེལ་བཤད་དང་། སྒྲུབ་རོགས། ཚབ་སྒྲུབ་བཅས་ཀྱི་ཞབས་འདེགས་ཞུ་བ། “གཅིག་གཏད་གཅིག”གི་གནད་སྨིན་ཞབས་འདེགས་ཞུས་པ་མ་ཟད། ཞུ་སྦྱོར་ཐབས་ལམ་ཤར་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་ལས་དོན་མི་སྣའི་ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་ཡོད།
དེ་དང་ཆབས་ཅིག བྲག་ཡིབ་ཆུས་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས“ཞིང་གྲོལ་ཀུན་སྒྲུབ”ཀྱི་ཞབས་ཞུའི་སྐར་ཁུང་གི་དབུ་བཞུགས་འཐུས་མིའི་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་སྤྱི་ཚོགས་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ཐེམ་ཐོ་སོགས་ལས་སྒོའི་སྡེ་ཚན་གྱི“ཞིང་གྲོལ་ཀུན་སྒྲུབ”འབྲེལ་གཏུག་རེའུ་མིག་བཟོས་ནས་ལས་སྒོ་ཁག་གི་མི་སྣས་མཉམ་འབྲེལ་མཉམ་མཐུད་དང་མཐུན་སྦྱོར་སྒྲུབ་གཉེར་ཐུབ་པར་བྱས་ཡོད། བྲག་ཡིབ་ཆུས་ཀྱི་ཉིང་ཁྲི་གྲོང་ཁྱེར་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་བཅའ་སྡོད་སྐར་ཁུང་ལས་སྒོའི་སྡེ་ཚན་10ཡིས“ཞིང་གྲོལ་ཀུན་སྒྲུབ”ཀྱི་ལས་སྒོ་བདེ་བླག་ངང་གཉེར་ཐུབ་ཆེད། དམངས་ཕན་སྐར་ཁུང་གི་དབུ་བཞུགས་འཐུས་མི་སོ་སོར་བདག་སྤྲོད་དང་སྒྲུབ་གཉེར་གྱི་དབང་ཆ་སྤྲད་ཡོད། འགུལ་རྣམ་དོ་དམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས“སྔོན་སླ་རྗེས་དཀའ་དང་། ཁག་བགོས་ལག་བསྟར། དམ་འཛིན་སྐུལ་འདེད”བཅས་ཀྱི་བྱ་ཐབས་གཞིར་བཟུང་། “དོན་གཅིག་འཕྲལ་མར་སྒྲུབ་པའི”ལས་དོན་ཁྲོད་ཀྱི་ལས་སྒོ་གཉེར་མང་བ་དང“ཞིང་གྲོལ་ཀུན་སྒྲུབ”ཀྱི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་པའི་གནད་དོན་གསེད་བཀྲོལ་བྱས་པ་མ་ཟད། སྒྲུབ་གཉེར་གྱི་ནང་དོན་ཁག་བགོས་བཀོད་སྒྲིག་དང་ལས་སྒོ་དང་དེ་བཞིན་ལས་སྒོའི་རེ་ཞུའི་དཔྱད་ཡིག་དང་། སྒྲུབ་གཉེར་གྱི་བརྒྱུད་རིམ། སྒྲུབ་ཕྱོགས་སོགས་འགུལ་རྣམ་ལེགས་སྒྲིག་གི་ལམ་སྲོལ་བཙུགས་ཏེ་དམངས་ཕན་དམངས་བདེའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)