《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月23日

“རྒན་གསོ”ནས“རྒས་དུས་ལོངས་སྤྱོད”བར་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་བར།

རང་ལྗོངས་སུ་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་མ་ལག་རགས་ཙམ་ཆགས་པ།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་རྒན་རྒོན་གྱི་དགོས་མཁོར་དམིགས་ཏེ་རྒན་གསོའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། རྒན་གསོའི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཁྱིམ་སྡོད་དང་། སྡེ་ཁུལ། སྒྲིག་གཞི་བཅས་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་དང་ལུས་གསོ་ཟུང་དུ་འབྲེལ་བའི་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།

གྲོང་གསེབ་ཀྱི་རྒན་གསོའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ།

རང་སྐྱོང་ལྗོངས་དམངས་སྲིད་ཐིང་རྒན་གསོའི་ཞབས་ཞུ་དང་བྱིས་པའི་ཕན་བདེ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཚེ་དབང་རིན་ཆེན་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་སྔ་རྗེས་སུ《རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་ཐབས་འགའ་ཞིག》དང་།《བོད་རང་སྐྱོང་ལྗོངས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་སྐར་མ་རིམ་པ་དཔྱད་འབེབས་བྱ་ཐབས(ཚོད་ལྟའི་ལག་བསྟར)》 《ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་དང་བྱ་ཐབས་བཏོན་ནས། རྒན་གསོའི་ཞབས་ཞུའི་སྒྲིག་ལམ་ལ་གཞི་འཛིན་ས་ཡོད་པ་དང་། གཞི་རྩའི་རྒན་གསོའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཀུན་ཕན་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་བཅས་བྱུང་ཡོད། ལྷག་དོན་དུ། 2023ལོའི་ལོ་མཇུག་ཏུ། 《གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས་གཞི་རྩའི་རྒན་གསོའི་ཞབས་ཞུའི་གསལ་ཐོ་ཁ་གསལ་བཟོས་ཏེ། རང་ལྗོངས་ཀྱི་ལྗོངས་བབ་དང་འཚམ་པ་དང་། རྒན་རྒོན་ཡོངས་ལ་ཁྱབ་པ། འགན་དབང་ཁ་གསལ། འགན་ལེན་འོས་འཚམ་བྱེད་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་ཁྲིད་སྟོན་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

2023ལོའི་ཟླ་7པར། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི“གྲོང་གསེབ་བདེ་སྐྱིད་ཁང”དངོས་སུ་སྤྱོད་འགོ་ཚུགས་ཤིང་། “གྲོང་གསེབ་བདེ་སྐྱིད་ཁང”དེས“གྲོང་ཚོ་རིམ་པས་གཙོ་གཉེར་དང་། སྲིད་གཞུང་གིས་རྒྱབ་སྐྱོར། རོགས་རེས་ཞབས་ཞུ། སྤྱི་ཚོགས་ཞུགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། གྲོང་གསེབ་ཀྱི་རྒན་གསོའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཁྱིམ་གྱི་སྒོ་རྩའི“གྲོང་གསེབ་བདེ་སྐྱིད་ཁང”ནུས་ཤུགས་ཡོད་རྒུས་བཏོད་དེ་རྒན་རྒོན་ལ་རྒས་དུས་འཚོ་བརྟེན་ཡོད་པ་དང་། རྒས་དུས་སྤྲོ་སྣང་ལྡན་པ། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་བློ་སེམས་བདེ་བ་བཅས་བྱས་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཁང་དམར་རྫོང་གི་རྫོང་དཔོན་གཞོན་པ་ཆོས་སྒྲོན་གྱིས“ང་ཚོས་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ནང་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་བདེ་སྐྱིད་ཁང་གི་ཡོན་ཀྲང་གཅིག་ལྕོགས་བྱེད་དུ་བཅུག་པ་དང་། ཆེད་བསྐོས་ལས་དོན་མི་སྣ་2བཀོད་སྒྲིག་བྱས་ནས་བདེ་སྐྱིད་ཁང་གི་འཁོར་སྐྱོད་དོ་དམ་གྱི་འགན་འཁུར་དུ་བཅུག་ཡོད”ཅེས་བཤད། ད་ཆ་ཁང་དམར་རྫོང་གི“གྲོང་གསེབ་བདེ་སྐྱིད་ཁང”3བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་རྒན་རྒོན་ཚོར་རང་ཁྱིམ་གྱི་སྒོ་འགྲམ་ནས་སྤུས་ལེགས་ཀྱི་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་དང་དུས་མཚུངས་ལྗོངས་ཡོངས་སུ་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་གྲོང་གསེབ་ཀྱི་རྒན་གསོའི་ལམ་བུ་གསར་པ་ཞིག་བཏོད་ཡོད།

ཐ་སྐྱོང་རྒན་གསོའི་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཐ་སྐྱོང་རྒན་གསོའི་ཞབས་ཞུའི་ལས་དོན་ཐད་རང་ལྗོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80བསྐྲུན་ཏེ། གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་མཁོ་འདོན་བྱས་ནས“བསྡུ་དགོས་ངེས་བསྡུ་ཐུབ་པ་དང་བསྙེན་བཀུར་བྱེད་དགོས་རིགས་ཚང་མར་བསྙེན་བཀུར་བྱེད་པའི”ལས་དོན་ཏན་ཏིག་སྤེལ་ཡོད། 2023ལོའི་ལོ་མཇུག་བར་འདོད་མོས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་6200ལ་གཅིག་སྡུད་བསྙེན་བཀུར་བྱས་ཡོད། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གྱིས་སྔོན་ལ་ལག་བསྟར་ཚོད་ལྟ་བྱས་ཏེ་གཞུང་བཙུགས་རྒན་གསོའི་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་འཚོལ་ཞིབ་བྱས་ནས་སྒྲིག་གཞིའི་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

ཟླ་1ཚེས་10ཉིན་གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་གི་ཚོམས་ཆེན་དུ་སླེབས་མ་ཐག“ཁྱེད་ཚོ་དང་བླངས་པ་ཡིན་ནམ”ཞེས་བགྲེས་སོང་ཞིག་གིས་འཛུམ་དམུལ་དམུལ་ངང་དྲིས། ད་ལོ་ལོ་79ལ་སླེབས་པའི་བགྲེས་སོང་གནམ་གང་ནི་ལྷ་ས་ནས་ཡིན་ལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་བསྐྲུན་རྗེས་སྤོས་པའི་བགྲེས་སོང་ཁག་དང་པོའང་ཡིན། གནམ་གང་ལ་བུ་གཉིས་ཡོད་མོད། འོན་ཀྱང་གཉིས་ཀ་རྐྱེན་ངན་བར་ཆད་འཕྲད་ནས་གྲོངས། ཁྲོམ་གཞུང་སྡེ་ཁུལ་གྱིས་ཁོང་གི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཕན་བདེ་ཁང་དུ་བསུས།

གསར་འགོད་པས་ཤེས་རྟོགས་བྱས་པར། ཕན་བདེ་ཁང་དུ་དོ་དམ་པ་དང་། སྨན་དོན་མི་སྣ། གཙང་སྦྲ་བ། ནད་གཡོག་རྒྱུག་མཁན། མ་བྱན་སོགས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་རྒན་རྒོན་ཚོའི་རྒྱུན་གཏན་གྱི་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད། “རྒན་རྒོན་མང་ཆེ་བ་ཁྲག་ཤེད་མཐོ་པོ་ཡོད་པར་བརྟེན་ང་ཚོས་ཚལ་གུང་ཐང་ཁྲོམ་གཞུང་འཕྲོད་བསྟེན་ཁང་དང་རྒན་གསོའི་གྲོས་མཐུན་བཞག་ཡོད། ཁྲོམ་གཞུང་འཕྲོད་བསྟེན་ཁང་གི་སྨན་པ་ཉིན་ལྟར་ལས་ཐག་བཅད་རྗེས་རྒན་རྒོན་ཚོར་གཟུགས་པོར་བརྟག་དཔྱད་བྱེད་པར་ཡོང་གི་ཡོད”ཅེས་ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་གི་ཡོན་ཀྲང་གཞོན་པ་བཀྲ་ཤིས་རབ་བརྟན་གྱིས་བཤད།

ཁྱིམ་ཚང་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་སླར་ཡང་འཐུས་སྒོ་ཚང་དུ་བཏང་བ།

དཀའ་ངལ་ཡོད་པའི་རྒན་རྒོན་གྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་ཆེད། རང་ལྗོངས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་རྒན་རྒོན་དང་འཚམ་པའི་འཚོ་བའི་ཁོར་ཡུག་བཏོད་པ་དང“ཁང་པའི་ནང་འགྲོ་སྐྱོད་བདེ་བ་དང་། གསང་སྤྱོད་དང་ལུས་བཀྲུ་བདེ་འཇགས་ཡིན་པ། ཐབ་ཚང་བཀོལ་སྤྱོད་སྟབས་བདེ་བ། ཁྱིམ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། རིག་ནུས་བདེ་འཇགས་ལྟ་སྐྱོང་། རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ”བཅས་ཀྱི་དམིགས་ཚད་གཙོ་བོར་བྱས་ཏེ། རིམ་རྩིས་བྱས་ན་དུད་ཚང་1750ལྷག་ཙམ་ལ་རྒན་རྒོན་དང་འཚམ་པའི་འཚོ་བའི་ཁོར་ཡུག་བཏོད་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་རྒན་རྒོན་དང་འཚམ་པའི་འཚོ་བའི་ཁོར་ཡུག་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

རང་ལྗོངས་ཀྱིས་དམངས་སྲིད་པུའུ་དང་ནོར་སྲིད་པུས་མཉམ་འབྲེལ་ཐོག་སྤེལ་བའི་2023ལོའི་ཁྱིམ་ཚང་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི་རྣམ་གྲངས་གོ་སྐབས་སུ་བྱས་ནས། ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ཁྲི་626བཀོད་སྒྲིག་བྱས་ཏེ་ནག་ཆུ་གྲོང་ཁྱེར་གྱི་ཁྱིམ་ཚང་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་སྤྱོད་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པར་སྤྱད་པ་དང་། བསྒར་འཇུག་རྣམ་པའི་རྒན་གསོའི་ཞབས་ཞུ་བྱེད་སྟངས་འཕེལ་རྒྱས་བཏང་ནས་རང་ལྗོངས་ཀྱི་ཁྱིམ་ཚང་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

ལྷ་ས་གྲོང་ཁྱེར་ལ་ཆ་བཞག་ན། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་སྔོན་ལ་ལག་བསྟར་ཚོད་ལྟ་བྱས་ཏེ། རྒན་རྒོན་གྱི་ཆ་འཕྲིན་གྲངས་གཞིའི་མཛོད་བཙུགས་ནས་གཟུགས་པོར་བརྟག་དཔྱད་དང་། ཛ་དྲག་རོགས་སྐྱོབ། འཚོ་བའི་ལྟ་རྟོག ཁྱིམ་ཚང་ཞབས་ཞུ་བཅས་གཞི་རྩའི་ཞབས་ཞུའི་ནང་དོན་དུ་བྱེད་པ་དང་། སྐད་གཏོང་ལྟེ་གནས་དང་། ལག་ཐོགས་ཁ་པར་གྱི་APP སྐད་འཕྲིན་བྱ་རིམ་ཆུང་གྲས་བཅས་འཛུགས་པ། “དྲ་ཐོག+དྲ་ཕྱིའི”གཞི་གཅིག་ཅན་གྱི་ཞབས་ཞུ་མཁོ་འདོན་བཅས་བྱས་ནས། རྒན་གསོ་དེ་བས་རིག་ལྡན་དང་སྟབས་བདེ་ཡོང་བར་བྱས་ཏེ། རྒན་རྒོན་གྱི་སྣ་མང་ཅན་དང་། རིམ་པ་མང་བ། རང་སོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པར་བསྐངས་ཡོད།

(མཚམས་གཅོད་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)