《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月21日

རྒྱུན་ཆད་མེད་པའི་ཚོང་འགུགས་ལས། འགུལ་ནུས་གསར་པ་གཅིག་ཏུ་བསྡུས།

—— 2023ལོའི་རང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་ ལས་དོན་ལ་ཕྱིར་མིག་ལྟ་བ།

ཚོང་འགུགས་མ་འདྲེན་ནི་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཤིག་རེད། བོད་ཀྱིས་ཚོང་པ་གང་ཞིག་འགུགས་པ་དང་། གང་དུ་མ་རྩ་འཇོག་པ། གང་འདྲ་བྱས་ནས་ཚོང་པ་འགུགས་པ་བཅས་ཀྱི་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་སྟེ“རྣམ་གྲངས་དང་། ཐོན་ལས། གླིང་ཁུལ། བོད་སྐྱོར”བཅས་ལ་དམིགས་ནས“བྱ་སྤྱོད་ཆེན་པོ་དྲུག”བཀོད་སྒྲིག་དང་ལག་བསྟར་བྱས་པ་དང་ན་ནིང་ཟླ་4པར་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་ཚོགས་འདུ་འཚོག་རྒྱུའི་ཐད་སྐུལ་སློང་བཀའ་རྒྱ་བཏང་བ་རེད། ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། སྤྱི་སྤྱོད་མཁའ་འགྲུལ་སོགས་ཐོན་ལས་ཆེ་གྲས་6གི་ཚོང་འགུགས་ཆེད་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་བཙུགས་ཏེ་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་སྲིད་ཇུས་བཟོ་བ་དང་། རྣམ་གྲངས་འཆར་འགོད་བྱེད་པ། འོས་སྦྱོར་དྲིལ་བསྒྲགས་བྱེད་པ། གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་པ་སོགས་ཀྱི་ལས་དོན་རབ་དང་རིམ་པ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་དུས་མཚུངས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ལག་དེབ》དུས་ཐོག་ཏུ་བཟོས་ནས་བཀྲམ་སྟེ་རྣམ་གྲངས་272དང་མ་དངུལ་སྒོར་དུང་ཕྱུར་1056གྲ་སྒྲིག་བྱས་ཟིན་པ་རེད།

ན་ནིང་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་ཀྱིས“འགོ་ཁྲིད་ཀྱིས་འགན་གཙང་ལེན་པ”དང“ཆེད་ཚན་ཞབས་ཞུའི”ལས་ཀའི་ལམ་སྲོལ་གཉིས་དོན་འཁྱོལ་ནན་པོ་བྱས་ནས་དུས་བཀག་ནང་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་འབྲེལ་མཐུད་ཚོགས་འདུ་འཚོགས་ནས་ཐབས་མང་མཉམ་སྤྱོད་ཀྱིས་གན་འཇོག་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་སུ་ཁྱོན་ཚོང་འགུགས་མ་འདྲེན་རྣམ་གྲངས་900ལྷག་ཙམ་གསར་སྐྲུན་དང་མཐུད་སྐྲུན་བྱས་པ། ལོར་མ་འཇོག་བྱེད་ཚད་སྒོར་ཁྲི་1000ལས་བརྒལ་བའི་རྣམ་གྲངས་500ཡན་ཟིན་པ། མ་འཇོག་ལ་སྐུལ་འདེད་དང་། ཐོན་ལས་དར་རྒྱས། དཔལ་འབྱོར་གྱི་རྨང་གཞི་དེ་བས་བརྟན་གཏོང་བཅས་བྱས་པ་རེད།

གསར་འགོད་པས་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་ཅུས་ནས་ཤེས་རྟོགས་བྱས་པར།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) 2023ལོར་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་མ་འཇོག་བྱེད་ཚད་ལུགས་མཐུན་ངང་འཕར་བ་དང་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་ནུས་ལྡན་ངང་ལེགས་སུ་ཕྱིན་ནས་ལྗོངས་ཡོངས་སུ་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་ཁྱོན་97སྤེལ་བ་དང་མ་དངུལ་སྒོར་དུང་ཕྱུར་500ལྷག་ཙམ་དམིགས་སར་འབྱོར་ཡོད། ཚོང་འགུགས་མ་འདྲེན་རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད་སྔོན་དཔག་ལྟར་ན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་350ཙམ་བཏང་བ་དང་། མི་ཁྲི་6.6ལྷག་ཙམ་ལས་ཞུགས་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་5ཙམ་ཟིན་ཡོད། ལོ་འགོའི“དམིགས་ཚད”ལ་གཡུར་དུ་ཟ་བའི་གྲུབ་འབྲས་མང་པོ་ཐོབ་ཡོད།

གླིང་ཁུལ་ནི་ཐོན་ལས་གཅིག་སྡུད་འཕེལ་རྒྱས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད་ལ་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཞིང་ས་གཤིན་པོ་ཞིག་ཀྱང་རེད།

བོད་བྱང་ཐང་དང་བོད་ནུབ་རྒྱུད་ཀྱི་ས་བབ་ཧ་ཅང་མཐོ་བ་དང་ལམ་ཐག་ཧ་ཅང་རིང་བ་ནི་ནག་ཆུ་དང་མངའ་རིས་ཀྱི་ཚོང་འགུགས་མ་འདྲེན་རྒྱ་ཆེར་གཏོང་བའི“སེམས་ནད”ཅིག་རེད། ས་གྲོལ་དཔལ་འབྱོར་གྱི“ས་གྲོལ་གླིང་ཁུལ”གྱིས་བོད་དབུས་རྒྱུད་དང་བོད་ནུབ་རྒྱུད་དང་བོད་བྱང་ཐང་གི་དཔལ་འབྱོར་འབྲེལ་མཐུད་ལ་འབྲེལ་ཟམ་བཙུགས་ཡོད། གླ་ཚེར་མངའ་རིས་སུ་འདེབས་པ་དང་ནོར་ལུག་ནག་ཆུར་གསོ་ཚགས་བྱེད་པ་དང་གླ་ཚེར་གྱི་ཁུ་བ་དང་ནོར་ལུག་གི་ཁུ་ལུ་ལས་སྣོན་ཐོན་སྐྱེད་འཁོར་ཁང་ལྷ་སའི་གླིང་ཁུལ་དུ་བཙུགས་ནས་དམངས་ཕྱུག་ཐོན་ལས་ལ་ཡར་སྐུལ་ཐུབ་པ་དང་། ཁེ་ལས་ཀྱི་མ་འཇོག་གི་ཧུར་སེམས་ཆེ་རུ་ཕྱིན་པ། ས་ཁོངས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ལམ་བཤངས་པ། བསམ་ཕྱོགས་གསར་པ་ལས་རྣམ་པ་གསར་པ་ཐོན་པ། འགྲན་ལམ་གསར་པས་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་མ་ཐེབས་ཡོད།

བོད་སྐྱོར་ཚོང་འགུགས་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོན་ཡོད། རང་ལྗོངས་ཀྱིས《ཞིང་ཆེན་དང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཆེད་དོན་ཚོད་སྐོར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ནས་བོད་སྐྱོར་ལས་བྱེད་པ་སྒྲིག་འཛུགས་དང་སྐུལ་སློང་གིས་ཚོང་འགུགས་མ་འདྲེན་གྱི་གཡུལ་སར་གཙོ་ཤུགས་དམག་གི་ནུས་པ་འདོན་གྱི་ཡོད། ཞིང་ཆེན(གྲོང་ཁྱེར)17གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཡན་ལག་རུ་ཁག་ཆུང་གྲས་དང་ཚོགས་སྒྲིག་ཆུང་གྲས་ཚོང་འགུགས་བྱས་ཏེ་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་ཉམས་མྱོང་བོད་ཀྱི་ས་གནས་ཁག་ཏུ་དར་སྤེལ་བཏང་སྟེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པར་བྱས་ཡོད། ལྗོངས་ཡོངས་ཀྱི་བོད་སྐྱོར་ཚོང་འགུགས་མ་དངུལ་སྒོར་དུང་ཕྱུར་242.02དམིགས་སར་འབྱོར་བ་དེས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ལོ་གཅིག་རིང་། བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་བྱ་སྤྱོད་ཆེན་པོ་དྲུག་ནང་གི་ལས་སྟེགས“གསར་གཏོད་བྱ་སྤྱོད”དང་ཞབས་ཞུ“མཐོར་གཏོང་བྱ་སྤྱོད”ཕྱོགས་གཅིག་ཏུ་ཤུགས་སྣོན་བརྒྱབ་སྟེ་ཚོང་འགུགས་མ་འདྲེན་གྱི“འདུ་འགོད་ཨང་དང་པོ”དེར་མུ་མཐུད་སྟོབས་ཤུགས་སྦྱིན་ཡོད། དུས་ཆེན་དང་ཚོགས་འདུ་གལ་ཆེན་དང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ཚོང་དོན་འགྲེམས་སྟོན་གྱི་ངོ་འཕྲད་གྲོས་མོལ་ལས་སྟེགས་གང་ལེགས་སྤྱད་དེ་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱེད་སྒོ་ཧུར་ཐག་སྤེལ་ཡོད། ཧའེ་ཁའུ་ཡི“ཀྲུང་གོའི་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས”དང་། ཧྲང་ཧའེ་ཡི“ནང་འདྲེན་དངོས་མང་སྟོན་ཚོགས” ཧར་པིན་གྱི“ཧའར་པིན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་འགྲེམས་ཚོགས་ཆེ་གྲས་ཁག་ཐོག་རང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་མདུན་ལམ་དང་མ་འཇོག་དང་། མ་དངུལ་བསྡུ་སྒྲིལ་གྱི་སྲིད་ཇུས་དང་ཁོར་ཡུག་སོགས་འོས་སྦྱོར་ཚོགས་འདུ་རབ་དང་རིམ་པ་བརྒྱུད་ཕྱི་ཕྱོགས་སུ་འགྲེམས་སྟོན་ཟམ་མི་ཆད་པར་བྱས་ཡོད།

“ཕྱིར་བསྐྱོད་པ”མ་ཟད་ད་དུང“ནང་འདྲེན”ཡང་བྱས་ཤིང་། ན་ནིང་གི་ཟླ་6ཚེས་17ཉིན་དུས་ཡུན་ཟླ་བ་གསུམ་རིང་ཛ་དྲག་ངང་གྲ་སྒྲིག་བྱས་པའི་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གལ་ཆེན་ལ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོ་སླར་ཡང་གཉེར་བ་ནས་གན་འཇོག་རྣམ་གྲངས་60ལ་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་531.83ཟིན་པ་དང་ཆབས་ཅིག་ཞོ་སྟོན་དང་། ཁམ་བུའི་མེ་ཏོག་དུས་ཆེན། རྟ་རྒྱུག་དུས་ཆེན། ཞང་ཞུང་རིག་གནས་དུས་ཆེན་སོགས་དུས་ཆེན་ལས་ཚོང་འགུགས་ཀྱི་གཏམ་བཟང་ཡང་ཡང་གྲགས་ཡོད།

རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡིའུ་ཧྭ་ཡིས། ལོ་གསར་པའི་ནང་། ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་སྡེ་ཚན་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། དུས་ཐུང་དང་ཡུན་རིང་དང་། མི་སྒེར་དང་སྤྱི་ཡོངས། འཕར་ཚད་དང་གསོག་འབོར། དངོས་ཚན་དང་དངུལ་རྩ། གཞུང་འཁྱོངས་དང་གསར་འབྱེད་བཅས་ཀྱི་འབྲེལ་བ་ཁག5ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་བྱེད་པ་དང་། བསམ་བློར་བཅིངས་འགྲོལ་དང་། བརྒྱུད་རིམ་ལྡན་པའི་ངང་མཐུན་སྦྱོར། ཞབས་འདེགས་ཞུ་ཤུགས་ཆེར་གཏོང་། དངོས་སྒྲུབ་དངོས་ཕན་བཅས་ལ་དེ་བས་མཐོང་ཆེན་བྱེད་པ། “རྣམ་གྲངས་དང་། ཐོན་ལས། གླིང་ཁུལ། བོད་སྐྱོར”བཅས་ཀྱི་ཚོང་འགུགས་ལ་དམིགས་ཏེ་སླར་ཡང་ཤུགས་སྣོན་དང་གོང་མཐོར་བཏང་སྟེ། ཚོང་འགུགས་མ་འདྲེན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་གོམ་སྟབས་ཆེན་པོས་མདུན་སྐྱོད་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)