ཟླ་1ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། སྐུལ་ལྕག་གཏིང་ཟབ། སེམས་ཤུགས་འཕེལ་བ་བཅས་ཡོད། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། མིག་སྔར་གཞི་ཚུགས་པ་དང་། འབྱུང་འགྱུར་ལ་དམིགས་པ། ལས་རིགས་ཀྱི་ཁྱད་ཆོས་དང་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་གྱི‘སྟོབས་ཆེན་དྲུག’གི་ཕུན་སུམ་ཚོགས་པའི་ནང་དོན་རྒྱས་བཤད་གཏིང་ཟབ་གནང་བ་དང་འབྲེལ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི‘མ་ལག་ཆེན་པོ་དྲུག’འཛུགས་དགོས་པ་བཏོན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ་ཐོག་མར་བཏོན་པ་མ་ཟད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུར་སྐྱོད་པའི་ཁ་ཕྱོགས་ཀྱང་གསལ་བཏོན་གནང་ཡོད”ཅེས་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཁུལ་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་ཝང་ཙེ་ལེང་གིས་བརྗོད་པ་དང་། ཁོང་གིས་2023ལོའི་ཟླ་12ཚེས་31ཉིན་བར། འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཁུལ་ཡན་ལག་དངུལ་ཁང་གི་དངུལ་བུན་གཡར་བའི་དུས་བཅད་ལྷག་གྲངས་སྒོར་དུང་ཕྱུར་765.18ཟིན་ཏེ་ལོ་དེར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་321.87བཏང་བ་དང་། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་122.25ཟིན་ནས་ལོ་འགོ་ལས་སྒོར་དུང་ཕྱུར་32.49འཕར་བ། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་287.28ཟིན་ནས་ལྗང་མདོག་དངུལ་བུན་གྱི་བསྡུར་ཚད་35.48%བཟུང་སྟེ་ལྷག་གྲངས་དང་བཟུང་བའི་བསྡུར་ཚད་ལྗོངས་ནང་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད་ཅེས་བརྗོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་ནོར་བུ་བཟང་ལགས་ཀྱིས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་མཐའ་སྲུང་གི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། “ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་བ། ཀུན་ཁྱབ་དངུལ་ཁང་སྐྲུན་པར་གཞོལ་བ། གྲངས་འཛིན་གྲོང་ཁྱེར་དར་རྒྱས་ལ་རམ་འདེགས་སོགས་ཀྱི་རྒྱལ་ཁབ་རུ་ཁག་དང་གཙོ་ཤུགས་དམག་གི་འགན་འཁྲི་གང་ལེགས་སྒྲུབ་པ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་རིགས་ཀྱི་དངུལ་རྩའི་ཐོན་རྫས་ཟམ་མི་ཆད་པར་གསར་གཏོད་དང་། རིག་ལྡན་རྣམ་པའི་འཛུགས་སྐྲུན་80ལྷག་ཙམ་གཞིས་རྩེ་གྲོང་ཁྱེར་གྱི་ལས་རིགས་ཁག་ཏུ་ཁྱབ་པ། འདྲེན་ཐང་དང་ཆུ་འདམ་སོགས་སུ་བཙུགས་པའི་དྲ་ཚིགས་གསར་པ་གཅིག་རྗེས་གཉིས་མཐུད་ངང་ལས་སྒོ་གཉེར་འགོ་ཚུགས་པ་སོགས་དངུལ་རྩའི་ཞབས་ཞུ་ཁག་དྲུག་གི་རིམ་པ་དང་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད་ཅེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སྐོར་གླེང་སྐབས་བོད་ལྗོངས་ཅིན་ཧྲུན་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་ལེ་དང་ཨའེ་ཅན་དབྱིང་བཟའ་ཚོས་རིམས་ནད་ཀྱི་ལོ་གསུམ་རྗེས་སུ། བོད་ཀྱི་དམངས་གཉེར་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྱི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བར་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། ས་གནས་དངུལ་རྩའི་སྒྲིག་གཞི་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཀུང་སིས་ཚགས་ཤ་སྐམ་པོའི་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་ནས་ས་མཐོའི་འབྲི་གཡག་ཐོན་རྫས་སྤུས་ཚད་མཐོ་བའི་ལམ་བུ་བཏོད་པ་མ་ཟད། ཀྲེ་ཅང་བཟོ་ལས་སློབ་ཆེན་དང་མཉམ་ལས་བྱས་ཏེ་ས་མཐོའི་འབྲི་གཡག་གི་སྐྱེ་དངོས་ཐོན་རྫས་དང་རིག་གནས་ཐོན་རྫས་གསར་པ་བཏོད་ཡོད། གོམ་སྟབས་རྗེས་མར་ཀུང་སིས་ཁེ་ལས་ཀྱི་སྤུས་རྟགས་སྔར་བས་བཏོད་དེ་བོད་ཀྱི་རིག་གནས་ཁྱབ་གདལ་གཏོང་གི་ཡིན་ཞེས་བརྗོད།
ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྡོད་ལས་དོན་གྱི་རུ་དཔོན་ཝང་ཞུས་ཀྲང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གཞི་རིམ་གྱི་དམངས་འཚོའི་དོན་དངོས་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། གོམ་སྟབས་རྗེས་མའི་ལས་དོན་སྤེལ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དངུལ་རྩས་དམངས་འཚོར་ཞབས་འདེགས་ཞུ་བ་རྩ་བའི་དམིགས་ཡུལ་དུ་འཛིན་པ་མཐའ་འཁྱོངས་བྱེད་ཀྱི་ཡིན་ལ། རང་སྐྱོང་ལྗོངས་ཀྱི་2024ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་མ་དངུལ་བཀོད་སྒྲིག་གི་ཞིབ་ཕྲའི་བླང་བྱར་གཞིགས་པ་དང་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་གཙོ་གནད་ལས་འགན་ཁག་ལྔ་ལ་དམིགས་ཏེ་སློབ་གསོའི“འགན་ལེན་གསུམ”དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ། མི་སྣ“རྒན་གྲས་གསུམ”གྱི་འཚོ་བའི་ཁ་གསབ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཁ་གསབ་ཀྱི་ཚད་གཞི་བཅས་མཐོ་རུ་གཏོང་བའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་ཏན་ཏིག་ཚོར་ཐུབ་པར་བྱེད་ཀྱི་ཡིན་ལ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།
(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)