《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月19日

ནག་ཆུར་ནུས་རྒྱུ་གཙང་མའི་ཕྱོགས་བསྡུས་གསར་སྤེལ་ཐད་ཚད་བརྒལ་གསར་པ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་རང་ངོས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ནག་ཆུའི་ནུས་མང་གསབ་རེས་རྟེན་གཞི་དང་། ཡིད་འོང་གཙང་པོ་རྒྱུག་ཁུལ་གཞི་གཅིག་ཅན་གྱི་རྟེན་གཞི། མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ནུས་རྒྱུ་གཙང་མ་གསབ་རེས་རྟེན་གཞི། “ནུབ་རྒྱུད་ཀྱི་ཡུག་གཅིག་ཁུལ་གཅིག”གི་རླུང་འོད་གསོག་འཇོག་ནུས་མང་གསབ་རེས་རྟེན་གཞི། “ཐིག་གསུམ་དང་། ཡུག་གཅིག ཁུལ་གཅིག”གི་ནུས་རྒྱུ་གཙང་མའི་གསར་སྤེལ་བར་མཐོངས་བཀོད་སྒྲིག་བཅས་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་བས་ནུས་རྒྱུ་གཙང་མའི་ཕྱོགས་བསྡུས་གསར་སྤེལ་ཐད་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད།

མིག་སྔའི་བར། ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་67.68ཟིན་པའི་ནང་འོད་ཤུགས་ཆན་ཝ་ཁྲི་49.25དང་། ཆུ་གློག་ཆན་ཝ་ཁྲི་7.68 རླུང་གློག་ཆན་ཝ་ཁྲི་10.75བཅས་ཟིན་པ་དང་། ནུས་རྒྱུ་གཙང་མའི་དྲ་ཞུགས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5.39ཟིན་པ་དེ་དུས་མཚུངས་ལས་61.26%འཕར་བ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས“ནག་ཆུའི་གློག་ཕྱིར་གཏོང་ཐུབ་པ”བྱུང་སྟེ་གློག་ཕྱིར་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1.11ཟིན་པ། ནུས་རྒྱུ་གསར་པའི་རྣམ་གྲངས་12ཐོ་འགོད་བྱས་ནས་འགན་ལེན་རང་བཞིན་གྱི་རྣམ་གྲངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་120ཟིན་ཏེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་རྫོང(ཆུས)9ལ་རྒྱ་ཁྱོན་མུའུ་ཁྲི་60.44ཟིན་པའི་འོད་ཤུགས་ཐོན་ལས་གླིང་འཆར་འགོད་བྱས་པ་དང་། རླུང་གློག་གླིང་དང་ཆུ་འཐེན་ནུས་གསོག་རྣམ་གྲངས་7སོགས་ཀྱི་འཆར་འགོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་ལ། རྟེན་གཞི་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་ངང་དོན་འཁྱོལ་བྱེད་བཞིན་ཡོད། གསེར་རྙེད་ཆུས་ཀྱི་རྒྱལ་ཁབ་ནུས་རྒྱུའི་ཀྲའོ་ཝ་100དང་ཆན་ཧྥུའུ་110ཡི་རླུང་གློག་ཕྱིར་གཏོང་ལས་གྲྭ་ཚང་མ་བསྐྲུན་ཟིན་ཁར་དྲ་བ་སྦྲེལ་བས་གློག་གཏོང་ཐུབ་ཅིང་། དེ་ནི་2023ལོར་ལྗོངས་ཡོངས་སུ་ཆོག་འཐུས་ཐོ་འགོད་བྱས་པའི་གཞི་ཁྱོན་ཆེ་ཤོས་དང་། ས་བབ་མཐོ་ཤོས། འཕྲུལ་ཚན་རྐྱང་པ་ནས་གློག་གཏོང་ཚད་མང་ཤོས་བཅས་ཀྱི་རླུང་གློག་རྣམ་གྲངས་ཤིག་རེད། གཞན་ཡང་། སྒྲིག་སྦྱོར་འཕྲུལ་འཁོར་ནས་ཁྱོན་གློག་གཏོང་ཚད་ཆན་ཝ་ཁྲི་134ཟིན་པའི་ནུས་རྒྱུ་གསར་པའི་རྣམ་གྲངས་9ལ་སྐུལ་འདེད་ཏན་ཏིག་བཏང་ནས། མི་ལྤགས་ཐང་ཆུ་མཛོད་ཀྱི་ཆུ་རྒྱུན་བདེ་བླག་ངང་བཅད་པ་དང་། འཇོ་མདའ་ཆུ་ཤུགས་གློག་ཁང་གི“ཤར་གཏོང་གསུམ་དང་ཁོད་སྙོམས་གཅིག”གི་ལས་གྲྭ་མཇུག་བསྡུའི་དུས་མཚམས་སུ་སླེབས་པ། མཚོ་བོད་ལྕགས་ལམ་གྱི་གློག་རླངས་ཅན་གྱི་གློག་འཁྲིད་ཆ་འགྲིག་ལས་གྲྭའི་མ་དངུལ་བསྡུ་སྒྲིལ་ལས་དོན་ལ་གཞོགས་འདེགས་བྱས་ནས་ལེགས་སྒྲུབ་བྱུང་བ། “ཐཱན་མེད”གྲོང་རྡལ་ཆུང་ངུའི་རྣམ་གྲངས་དང་། “ནུས་རྒྱུ་གསར་པ་དང་ཆིང་དབྱང་མཉམ་འདོན”གྱི་དཔེ་སྟོན་རྣམ་གྲངས། སྙན་རོང་རྫོང་གི་ཐོག་ཁའི་འོད་ཤུགས་རྣམ་གྲངས་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པ་རེད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)