ཟླ་1ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་བྱས་ནས་དངུལ་རྩའི་ལས་དོན་གྱི་འཇོན་ཐང་དང་ཉེན་ཁར་ཁ་གཏད་གཅོག་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། དངོས་ཐོག་བདེན་འཚོལ་དང་། གསར་འབྱེད་ཡར་བརྩོན། གདེང་ཚོད་བརྟན་གཏོང་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུར་བསྐྱོད་དེ་བོད་ཀྱི་དངུལ་རྩའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་བསམ་གཞིག་དང་དངུལ་རྩའི་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་དངུལ་རྩའི་བསམ་ཇུས་གཅིག་གི་བསམ་བློ་མཐའ་འཁྱོངས། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན། དཔལ་འབྱོར་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་ཅང་ཤའོ་ཧུང་གིས་མྱོང་ཚོར་ཟབ་མོས“ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་མཚམས་གསར་པའི་དངུལ་རྩའི་ལས་དོན་གྱི་འགོ་འཛུགས་ས་དང་ཤུགས་རྒྱག་སར་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཐོན་ཁུངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། 2023ལོའི་ཟླ་11པའི་ཟླ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་433.86ཟིན་ནས་དུས་མཚུངས་ལས་21.82%འཕར་ཏེ‘ལོ་ལྔ་ཚན་བཅུ་བཞི’པའི་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད”ཅེས་བཤད།
ཅང་ཤའོ་ཧུང་གིས་ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གོ་སྐབས་དམ་འཛིན་དང་ཞབས་ཞུའི་ལས་དོན་སྤེལ་ནས་དངུལ་ཁང་སྒྲིག་གཞི་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྣམ་གྲངས་ཀྱི་ལས་གྲྭའི་འཐབ་ཕྱོགས་དང་པོར་བསྐྱོད་པ་མ་ཟད། ཁྲོན་བོད་ལྕགས་ལམ་ལ་དམིགས་ནས་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ཀྱི་གོང་འོག་ཁེ་ལས་སུ་རྣམ་གྲངས་ཀྱི་རྩིས་ཐོ་བཟོ་བ་དང་དྲ་ཐོག་དངུལ་ཁང་སོགས་རྨང་གཞིའི་དངུལ་རྩའི་ཞབས་འདེགས་ཞུས་པ་མ་ཟད། ཁེ་ལས་ལ་ཞབས་ཞུ་མཁོ་འདོན་དང་ཁེ་ལས་ཀྱི་གཉེར་སྐྱོང་དང་ཡིད་རྟོན་དངུལ་བུན་གྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་གནད་ལ་འཁེལ་བའི་སྒོ་ནས་གཙོ་གནད་ལས་གྲྭ་དང་རྣམ་གྲངས་འཛུགས་སྐྲུན་ལ་གཏོང་བར་སྐུལ་འདེད་བཏང་བ་དང་འབྲེལ། གཙོ་གནད་རྣམ་གྲངས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཁྱབ་འགྱེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅེས་ངོ་སྤྲོད་བྱས། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཟབ་ལ་གཟིགས་རྒྱང་རིང་བས་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་མ་ཟད། དངུལ་རྩས་དངོས་ཚན་དཔལ་འབྱོར་དང་། ལྷག་དོན་དུ། དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བར་ང་ཚོས་ཕྱོགས་ཡོངས་ནས་གོ་བ་ལོན་པར་དོན་སྙིང་གལ་ཆེན་ལྡན་ཡོད” ཆབ་མདོ་གྲོང་ཁྱེར་ཞུའེ་ཡོན་ལས་གཉེར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བློ་བཟང་བསྟན་པས“རྒྱལ་སྤྱི་དང་རྒྱལ་ནང་གི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་འོག་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ལ་གཉེར་སྐྱོང་དང་འཕེལ་རྒྱས་ཁྲོད་དཀའ་ངལ་དང་གནད་དོན་འགའ་ཞིག་འཕྲད་ནས་འཕེལ་རྒྱས་ཀྱི་སྔོན་དཔག་དང་གདེང་ཚོད་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་མོད། འོན་ཀྱང་ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་ཁེ་ལས་ལ་དུས་ཐོག་ཏུ་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་བཏོན་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་མཐུད་འགྲོ་བར་སྐུལ་འདེད་བཏང་ཡོད”ཅེས་བརྗོད།
དམངས་གཉེར་ཁེ་ལས་ཀྱིས་རང་ལྗོངས་ཀྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཇི་ལྟར་བྱེད་དགོས་པའི་སྐོར་གླེང་སྐབས་བློ་བཟང་བསྟན་པས“ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས‘གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས’མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་སྟངས་འཛིན་ནན་པོ་བྱས་ཏེ། དེ་བས་ནུས་ལྡན་གྱི་བྱ་ཐབས་དང་གདེང་ཚོད་བརྟན་པོས་དམངས་གཉེར་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མཐའ་འཁྱོངས། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་རྩ་བའི་དམིགས་ཡུལ་མཐའ་འཁྱོངས། ཉེན་ཁ་འགོག་ཟོན་བྱ་རྒྱུ་དེ་དངུལ་རྩའི་ལས་དོན་གྱི་ནམ་ཡང་མི་འགྱུར་བའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་ཐོག་དངུལ་རྩའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་མཐའ་འཁྱོངས། དངུལ་རྩའི་སྒོ་དབྱེ་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་གསུངས་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧང་ཀྲང་ཚེ་རིང་ནོར་བུས“ང་ཚོས་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་ཁྱེར་རིམ་པའི་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་ཁེ་ལས་ལ‘ཐོག་མའི་འགག་གནད’སེལ་རོགས་བྱས་ཡོད། 2023ལོའི་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་ཚོགས་འདུ་ཐེངས་29སྒྲིག་འཛུགས་ཀྱིས་ཁེ་ལས་57དང་དངུལ་བུན་གྱི་གྲོས་མཐུན་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་23.8ཟིན་ཡོད། དངུལ་བུན་ཐོག་མར་རག་པའི་དམངས་གཉེར་ཁེ་ལས་ཆུང་བ་དང་ཕྲན་ཚེགས་ཁེ་ལས་333ཟིན་པར་ཁྱོན་དངུལ་བུན་སྒོར་དུང་ཕྱུར་8.54བཏང་ཡོད། དམངས་གཉེར་ཁེ་ལས་44ལ་སྐྱེད་གསབ་དངུལ་སྒོར་ཁྲི་164.7སྤྲད་ཡོད། ལྷོ་ཁར་སླར་ཡང་དངུལ་བུན་རག་ནས་ལྷོ་ཁའི་ཐཱན་ཉུང་འབུད་ཀྱི་སྒྲིག་ཆས་ལ་རྒྱབ་སྐྱོར་དང་བོད་ཀྱི་ཁང་སྤྲོད་འགན་ལེན་གྱི་ཆེད་དོན་དངུལ་བུན་ཐོག་མ་དོན་འཁྱོལ་བྱས་ཡོད། བྱེད་ཐབས་དེ་དག་གིས་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཆུང་དུ་གཏོང་བར་སྔར་བས་རོགས་རམ་ཐུབ་པ་དང་དངོས་ཚན་དཔལ་འབྱོར་གྱི་འཕེལ་རྒྱས་གསོན་ཤུགས་འཕེལ་བ་མ་ཟད། དངུལ་རྩས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ནུས་པ་འདོན་སྤེལ་ཐུབ་ཡོད”ཅེས་བརྗོད།
ཚེ་རིང་ནོར་བུས། ཀྲུང་གོ་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་ཀྱི་ཡིན་ལ། ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”ལ་དམིགས་པ། དངུལ་ཁང་གིས་དངོས་ཚན་དཔལ་འབྱོར་དང་འབྲེལ་མཐུད་བྱེད་པར་ཁྲིད་སྟོན་ཧུར་ཐག ཚོང་གཉེར་ཁོར་ཡུག་གི“བསམ་ཇུས་གཅིག”ལག་བསྟར། “ཁེ་ལས་ལ་དཀའ་ངལ་སེལ་རོགས་ཀྱི་ཞབས་འདེགས་ཞུ་མཁན་ཡག་པོ་ཞིག་བྱེད་པ” དངུལ་རྩ་དམངས་ཆེད་ཀྱི་འཁོར་རྒྱུག་ཤར་གཏོང་། བརྟན་ལྷིང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཏེ་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་མངོན་འགྱུར་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད། (པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)