《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月18日

མེས་རྒྱལ་གྱི་མཐའ་མཚམས་སུ་གཞི་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་བ།

རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལཁབ་ཀྱི་མངའ་ཁོངས་བདེ་འཇགས་མེད་ན། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་ཡོང་མི་སྲིད། བོད་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་མཐའ་མཚམས་ལམ་ཐིག་སྤྱི་ལེ་4000ལྷག་ཙམ་མུ་འབྲེལ་ཡོད། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་མཐའ་མཚམས་བདེ་འཇགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད།

སྐབས་བཅུ་པའི་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་གནང་བའི“མཐའ་སྟོབས”ཀྱི་དོན་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ཡོད། གངས་ལྗོངས་ས་མཐོའི་བུ་ཕྲུག་གྲངས་ལས་འདས་པས་སྐལ་བཟང་མེ་ཏོག་ལྟར་མཐའ་མཚམས་སུ་གཞི་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད།

རྨང་རྩ་གཉིས་བརྟན་གྱིས་ཐོན་ལས་དར་རྒྱས་བཏང་བ།

མངའ་རིས་ས་ཁུལ་རུ་ཐོག་རྫོང་ནི་བོད་ནུབ་བྱང་གི་ཁུལ་ལྡན་རའི་གསོ་སྤེལ་གྱི་ལྟེ་བའི་ཁུལ་དུ་གནས་ཤིང་། རུ་ཐོག་གི་ཁུལ་ལྡན་ར་དཀར་པོའི་ཁུ་ལུ་འཇམ་པ་སོགས་ཀྱི་ལེགས་ཆ་ལྡན་པས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། 2023ལོའི་ལོ་མཇུག་བར། རུ་ཐོག་རྫོང་གི་མང་ཚོགས་90%ཡན་ཁུལ་ལྡན་ར་དཀར་པོ་གསོ་སྤེལ་ནང་ཞུགས་ནས་རྫོང་དེ་ཡོངས་སུ་ཁུལ་ལྡན་ར་དཀར་པོ་ལག་ཡོད་མགོ་གྲངས་ཁྲི་14ལྷག་ཙམ་ཟིན་པའི་ནང་སྤུས་ལེགས་ཀྱི་ཁུལ་ལྡན་ར་དཀར་པོ་ཁྲི་9ལྷག་ཙམ་ཟིན་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

རུ་ཐོག་རྫོང་ར་བང་ཤང་གི་འབྲོག་པ་ལྷག་པ་ནི་ཁུལ་ལྡན་ར་དཀར་པོའི་གསོ་ཚགས་དུད་ཚང་ཞིག་རེད།

རུ་ཐོག་རྫོང་གིས་ཡུལ་བབ་དང་བསྟུན་ཏེ་ཁུལ་ལྡན་ར་དཀར་པོ་འཕེལ་རྒྱས་བཏང་བའི་དཔེ་མཚོན་དེ་འདྲ་ད་དུང་ཧ་ཅང་མང་པོ་ཡོད། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་དུ་ཇ་ཤིང་ལྡུམ་ར་སྔོ་ཐིང་ངེར་གནས་པ་དང་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོར་སེ་འབྲུ་དམར་པོ་གང་སར་མཐོང་རྒྱུ་ཡོད།

མཐའ་མཚམས་དར་རྒྱས་བྱུང་ན་མཐའ་མཚམས་མི་སེར་ཕྱུག་པོ་ཆགས་པ་དང་མཐའ་མཚམས་མི་སེར་ཕྱུག་པོ་ཆགས་ན་མཐའ་མཚམས་བརྟན་ལྷིང་ཡོང་ཐུབ། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ནི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད། རང་ལྗོངས་ཀྱི་མཐའ་མཚམས་རྫོང་ཁག་གིས་ས་བབ་དང་། རང་བྱུང་གི་ས་གཤིས་ཆ་རྐྱེན། མི་ཆོས་རིག་གནས་ཀྱི་ཡུལ་ལྗོངས་བཅས་ཀྱི་ཐོན་ཁུངས་བཟང་པོ་སྤྱད་དེ་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག་ཐོན་ལས། མཐའ་མཚམས་ཚོང་དོན་སོགས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་གི་དཔལ་འབྱོར་གྱི་སྤྱི་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་མགྱོགས་མྱུར་འཕར་ཡོད།

དམངས་འཚོ་ལེགས་སུ་བཏང་བ།

ཕུ་མ་གཡུ་མཚོའི་ངོགས་ཀྱི་རྒྱལ་ལམ་219བརྒྱུད་དེ་དལ་བུར་མདུན་དུ་སྐྱོད་སྐབས། དགུན་དུས་ཀྱི་ཉི་འོད་འོག་གངས་རི་ལས་འོད་མདངས་རབ་ཏུ་འཕྲོ་བཞིན་མཆིས། དེ་གར་ནི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཤར་ལྷོའི་མཚམས་སུ་ཆགས་པའི་ཕུ་མ་བྱང་ཐང་ཡིན་པ་དང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5373ཟིན་གྱི་ཡོད།

“སྤྱིལ་བུ”ནས“བདེ་སྡོད་ཁང་པ”དང“འབྱོར་འབྲིང་ཁང་པའི”བར་གྱི་སྡོད་ཁང་གི་ཆ་རྐྱེན་ལ་འགྱུར་ལྡོག་སོང་བ་ལས་མཐའ་མཚམས་ས་ཁུལ་གྱི་དམངས་འཚོའི་བདེ་རྩ་ལེགས་བཅོས་བྱུང་བ་མངོན་གྱི་ཡོད།

ཕུ་མ་བྱང་ཐང་ཤང་ཤར་གསོ་གྲོང་ཚོའི་གྲོང་མི་དངོས་གྲུབ་ཀྱིས“ཁྱིམ་དུ་གློག་གི་དྲོད་ལེན་ཡོ་ཆས་ཡོད་པས་ཕྱི་རོལ་དུ་གྲང་མོ་ག་ཚོད་ཡོད་རུང་ཁང་པའི་ནང་དྲོ་སོབ་སོབ་རེད། འདི་གར་ངས་མི་ཚེ་ཕྱེད་ཀ་ལྷག་ཙམ་འཚོ་བ་བསྐྱལ་ནས་བསྡད་པ་ཡིན། ད་ཆ་ཧ་ཅང་སྐྱིད་པོ་འདུག དེ་སྔ་ཤང་དུ་རྟག་ཏུ་གློག་ཆད་ཀྱི་ཡོད། 2021ལོར་ཕུ་མ་བྱང་ཐང་ཤང་དུ་རྒྱལ་ཁབ་གློག་དྲ་སྦྲེལ་མཐུད་བྱས་པས“གློག་དྲ་ཆེ་མོ”བརྟན་པོ་སྤྱོད་རྒྱུ་བྱུང་སྟེ་མི་སེར་མང་པོའི་ཁྱིམ་དུ་གློག་གི་དྲོད་ལེན་ཡོ་ཆས་སྒྲིག་སྦྱོར་བྱས་ཡོད”ཅེས་བཤད།

ཕུ་མ་བྱང་ཐང་གི་འཕོ་འགྱུར་ནི་དཔེ་མཚོན་ཙམ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ་དང་། མཐའ་མཚམས་ས་ཁུལ་གྱི་སློབ་གྲྭ་དང་། སྨན་ཁང་། རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལ་སྤྱི་འདོམས་འཆར་འགོད་ཀྱིས་འཛུགས་སྐྲུན་བྱས་ཡོད། ད་ཆ་མཐའ་མཚམས་རྫོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། མཐའ་མཚམས་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་མཐའ་མཚམས་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ། དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་ཡོད།

རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ།

ཁ་བའི་གོས་བཟང་བཀླུབས་པའི་རི་འདབས་སུ་གནས་པའི་ཡུལ་སྨད་ཤང་གི་བོད་བཟོའི་ཐོག་ཁང་ཚང་མར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་ཆབ་སྲིད་སློབ་སྟོན་པ་ཝང་ཝུའེ་ཡིས་མི་དམངས་ཉེན་རྟོག་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕ་སངས་རྒྱས་ཆོས་པ་དང་། ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་བཅས་ནང་མི་གསུམ་པོས་ལོ་བཅུ་ཕྲག་འགའ་ཤས་བརྟན་སྲུང་བྱས་པའི་སྐོར་གཡེང་ལམ་བུར་བསྐྱར་དུ་བསྐྱོད་ནས། ནགས་ཚལ་སྟུག་པོ་སྒྲོལ་བ་དང་། གྲང་ངར་ཆེ་བའི་གཙང་པོ་བརྒལ་བ། དཔྱང་སྐས་འཛེགས་པ་བཅས་བྱས་ཏེ་ལམ་བར་གྱི་ལྗོན་ཤིང་སྟེང་སྐར་ལྔའི་དར་དམར་བཀལ་ཡོད།

“སངས་རྒྱས་ཆོས་པའི་ནང་མི་གསུམ་གྱི་རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་ཀྱིས་ངར་སྔ་ཕྱི་བར་གསུམ་དུ་ལྕག་སྐུལ་ཐེབས་བྱུང་། ཡུལ་སྨད་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ངས་འབད་བརྩོན་ཧུར་ཐག་བྱས་ཏེ་མང་ཚོགས་ལ་སྐུལ་ཁྲིད་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་ཡུལ་སྨད་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན”ཞེས་ཝང་ཝུའེ་ཡིས་བཤད།

བྱེ་རླུང་གང་སར་ལྡང་བའི་ཁྲོད“དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་བཀལ་བའི”སྦག་སྦག་སྐོར་གཡེང་རུ་ཁག་གཅིག་མིག་ལམ་དུ་མངོན་པ་དེ་ནི་ས་དགའ་རྫོང་འཕྲང་སྒོ་ཤང་གི་མཐའ་སྲུང་མཉམ་འགོག་རུ་ཁག་གི་སྦག་སྦག་སྐོར་གཡེང་རུ་ཁག་ཡིན་ཞིང་། སྦག་སྦག་ཚང་མར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རེ་བཀལ་ནས་བྱེ་རླུང་ཁྲོད་མདུན་སྐྱོད་བྱེད་བཞིན་མཆིས།

“སྦག་སྦག་ལ་རྒྱལ་དར་འགེལ་དོན་ནི་ང་ཚོ་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱེད་པར་བསྐྱོད་དགོས་པས། རྒྱལ་མཚམས་ལམ་ཐིག་གི་ཕྱོགས་གང་སར་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པར་བྱེད་དགོས”ཞེས་འཕྲང་སྒོ་ཤང་གི་མཐའ་སྲུང་མཉམ་འགོག་རུ་ཁག་གི་རུ་དཔོན་སྲི་ཆོས་ཀྱིས་བཤད།

ད་ཆའི་གངས་ལྗོངས་ས་མཐོར་མི་ཚང་མ་སོ་དམག་དང་། དུད་ཚང་ཚང་མ་སོ་ལྟ་ཁང་། གྲོང་ཚོ་ཚང་མ་བཙན་རྫོང་བཅས་ཡིན་ལ། ཐོན་སྐྱེད་ནི་ལས་སྒྲུབ་དང་ཕྱུགས་འཚོ་བ་ནི་སྐོར་གཡེང་ཡིན་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)