སྐར་མའི་ལུས་པོ་ཡོམ་པའི་ནམ་མཁའ་ན། །
ཟླ་བ་སྤྲིན་གསེབ་ཉལ་བའི་མཚན་ལྗོངས་སུ། །
དུང་གི་ཟླ་བའི་འོད་ཆེན་འཛུམ་ཞལ་ཅན། །
ཞེན་ཆགས་ན་བུན་འཁྲིགས་སའི་ཡུ་མོ་ཡིན། །
སྦྲང་ཆར་ཟིལ་མས་བརྒྱན་པའི་ནམ་ཟླ་རུ། །
རི་ཀླུང་རྩྭ་ལྗང་འབུས་པའི་དབྱར་ཁ་ན། །
རྫི་གླུ་ངག་ལ་འགུག་པའི་འགྱུར་ཁུག་ནི། །
ན་མཉམ་གཞོན་པའི་སེམས་པ་འཕྲོག་མཁན་ཡིན། །
གངས་རིའི་གཟི་བྱིན་འབར་བའི་དགུན་གསུམ་ན། །
གྲང་རླུང་བར་མེད་རྒྱུ་བའི་དགོང་ཁ་རེར། །
དྲན་གདུང་དར་ཁ་འཁྲིགས་པའི་རྫིང་བུའི་དབུས། །
དཀར་གསལ་ཟླ་འོད་སེམས་ཀྱི་འཁེན་ས་ཡིན། །
ཀུན་རྫོབ་རྣམ་རྟོག་ཚོན་རིས་མོད་པའི་དབུས། །
མཛེས་སྡུག་ཞལ་རས་ཟླ་བའི་ཟེགས་མ་ཅན། །
དྲན་པའི་ཡོལ་གོར་འཆར་བའི་དུང་སེམས་མ། །
སྙན་ཚིག་འདབ་མའི་དབུས་བཞད་ཟེའུ་འབྲུ་ཡིན། །
ཚོར་འདུ་དབྱངས་ལ་བརྒྱུས་པའི་ལོ་ཟླ་རུ། །
ཁེར་རྐྱང་རི་ཀླུང་བརྒལ་བའི་གཞོན་པའི་དུས། །
ཟླ་བའི་འཛུམ་ལ་སྐར་མའི་མིག་ཟུང་ཀེར། །
གཞོན་སྐྱེས་སྙིང་ལ་སྡུག་པའི་དྲན་ཤིང་ཡིན། །
རི་བོ་ནགས་ཀྱིས་བཏུམས་པའི་ལུང་པ་ན། །
གཙང་ཆུ་ཤང་ཤང་འབབ་པའི་སྡེ་བ་རུ། །
གཞོན་པའི་ལང་ཚོ་དར་མའི་སོ་དཀར་དགོད། །
སེམས་པའི་ཕྱི་ནང་བརླན་པའི་གྲུ་ཆར་ཡིན། །