བྱིས་དུས་ཀྱི་ལོ་གསར།
ལག་ཆུང་གི་སོར་མོའི་རྩེ་ན་ཉིན་ཞག་བསྒྲིགས།
རྨི་ལམ་གྱི་ཐུན་རིམ་རེ་རེ་ནས།
རང་གི་འདོད་པ་ལྟར་དུ་ཅི་དགར་རོལ།
སྐབས་དེར།
སྤར་ཁྱིམ་ན་ཡོད་པའི་བུ་རམ་བཞིན།
རེ་སྒུག་གིས་བསྙལ་བའི་ལོ་གསར།
ཞིམ་མངར་ལ་ཚད་མེད་པའི་ཚོར་བ་ཡང་ཡང་སྐྱེ།
དེ་རིང་གི་ལོ་གསར།
རྒྱབ་ན་ཞིབ་རྩིས་མ་ཐུབ་པའི་གྲངས་ཀ་དང་།
མདུན་ན་སྟོང་ཆ་ཆེ་བའི་ཤོག་ངོས་ཤིག་ལུས་པ་བཞིན།
གློ་བུར་དུ་ཐོས་ཚེ།
རྩིས་ཐོ་འགོད་སའི་རེའུ་མིག་ཅིག་འབྱོར་བ་ལྟར།
ཆ་མི་སྙོམས་པའི་གྲངས་ཀ་དེ་དག་གིས།
འོ་སྐོལ་མནོ་བསམ་གྱི་མཚོ་མོར་ལྷུང་ཞིང་།
འདང་རྒྱག་གི་ཀློང་དུ་ཐིམ་འགྲོ
དེ་ལྟ་ན་ཡང་།
སོ་སོའི་ལུས་ངག་ཡིད་གསུམ་གྱི་ཕྱི་ནང་ལ།
བྱི་དོར་ཐེངས་ཤིག་བྱེད་འོས།
སོ་སོའི་དམིགས་འདུན་ལ།
ཡང་བསྐྱར་སྒྲོན་མེ་ཞིག་སྤར་ན་འགྲིག