ཉེ་ཆར། ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་ཤིང་། རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་གསར་གཏོད་ཐད་ཤུགས་སྣོན་རྒྱག་པ་དང་། བྱ་ཐབས་དངོས་འདོན་པ། དོན་དངོས་སྒྲུབ་པ་བཅས་བྱས་ཏེ་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིད་མཐུད་ངང་བཤད།
མངའ་རིས་ས་ཁུལ་རྩ་མདའ་རྫོང་བསྟི་ཡག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཁྲང་རུང་གིས“ཏང་གི་འགོ་ཁྲིད་ནི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་སྣེ་ཁྲིད་ཀྱིས་ཕྱུག་པོ་ཡོང་བར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན”ཞེས་བཤད།
ད་རེས་ཀྱི་ཚོགས་འདུར་ཚོགས་ཆུང་ཁག་བགོས་ཀྱི་ལྟ་སྦྱོང་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བའི་ཉམས་མྱོང་སྤེལ་རེས་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་གྱིས“ལྟ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས་པ་བརྒྱུད། ང་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཉམས་མྱོང་སློབ་སྦྱོང་དང་། ཧེ་བག་འཚོལ་ཐུབ་པ་བཅས་བྱུང་། གོམ་སྟབས་རྗེས་མར་ང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་དང་གོ་ཆོད་པའི་གཞི་རྟེན་འཚོལ་ཞིབ་ཧུར་ཐག་བྱས་ནས་བཅོས་སྐྱོང་ཚད་ལྡན་ཅན་དང་། ཞབས་ཞུ་ཞིབ་ཕྲ་ཅན། དོ་དམ་ཚན་རིག་ཅན་བཅས་ལ་དེ་བས་སྐུལ་འདེད་དང་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་གི་ཡིན”ཞེས་བཤད།
རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་ཡིན་པའི་གནས་རྙིང་ཤང་གིས་གྲོང་གསེབ་བཅོས་སྐྱོང་ཁྲོད་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་གང་ལེགས་བཏོན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཏང་ཡོན་ཞུགས་ཚད་དང་ལེགས་སྐྱེས་འབུལ་ཚད་སྔར་བས་མཐོ་རུ་བཏང་སྟེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་དྲ་བ་དང་། གྲོང་གསེབ་བཅོས་སྐྱོང་གི་དྲ་བ། སྤྱི་ཚོགས་ཞབས་ཞུའི་དྲ་བ་སོགས“དྲ་མང་མཉམ་འདྲེས”ཀྱིས་ཏང་རྩ་འཛུགས་ཀྱི་གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་མང་ཧུར་ཐག་ཞུགས་པ། བཅོས་སྐྱོང་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་བཅོས་སྐྱོང་གི་དྲ་བ་གཙོ་བོ་ཞིག་ཆགས་པ་དང་། ནུས་པ་མང་བའི་དོན་གྲོས་མ་ལག་དང་། ལྟ་སྐུལ་མ་ལག ཞབས་ཞུའི་མ་ལག་བཅས་འཐུས་སྒོ་ཚང་དུ་བཏང་བས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད།
ལྗོངས་ཡོངས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པར“ལས་ཁུངས་ཅན”དུ་ཧུར་ཐག་འགྱུར་བར་བྱས་ནས“དྲ་མིག་ཆུང་གྲས”ལ་བརྟེན་ནས“བཅོས་སྐྱོང་ཆེན་པོ”ཡོང་བར་བྱེད་དགོས་ཞེས་བསྟན་ཡོད། དེའི་ཐད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུན་འཛོམས་ཀྱིས“ང་ཚོས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་འཇུག་གཞིར་བྱས་ནས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི‘བརྩེ་སེམས་དྲ་བ’ཧུར་ཐག་བཙུགས་ཏེ་གཞི་རིམ་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་གནད་སྨིན་ཅན་གྱི་ཞབས་ཞུའི‘མཐའ་མའི་འགག་གནད’སེལ་གྱི་ཡིན”ཞེས་བཤད།
ཀུན་འཛོམས་ཀྱིས་གསར་འགོད་པར། ཉེ་བའི་ལོ་ཤས་རིང་གཉིས་བཀུར་ལམ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ཞབས་ཞུ་དང་གྲོང་ཁྱེར་བཅོས་སྐྱོང་འབྲེལ་མཐུད་མཉམ་འདྲེས་དང་། “གནད་སྨིན་ཞབས་ཞུར”བརྟེན་ནས་སྡེ་ཁུལ་བཅོས་སྐྱོང་ཞིབ་ཚགས་ཅན་ལ་སྐུལ་འདེད་བཏང་སྟེ “ཞབས་ཞུ་རྣམ་པའི་སྡེ་ཁུལ”ཕྱོགས་ཡོངས་ནས་བསྐྲུན་ཡོད། སྡེ་ཁུལ་དེས་གནད་སྨིན་དང་གནས་གཏན་འཁེལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་ཤུགས་རྒྱག་ས་དང་འཇུག་གཞིར་བྱས་ནས“དམངས་ཀྱིས་རེ་བ་བཏོན་ཚེ་རང་ཉིད་ཀྱིས་དང་ལེན་བྱེད་པའི”ཞབས་ཞུའི་དཔུང་ཁག་ཅིག་བཙུགས་ཡོད། འདི་ལོ། གཉིས་བཀུར་ལམ་སྡེ་ཁུལ་གྱི་ལས་ཐོག་ཏང་ཡོན་ཞབས་ཞུ་རུ་ཁག་གིས་རང་འགུལ་ངང་གྲོང་མིའི་བསམ་འདུན་ཆུང་གྲས་39ཐག་གཅོད་དང་། དུད་ཚང་1400ལ་བཅར་འདྲི་དང་གྲལ་བཤེར། གནད་དོན་སྣ་ཚོགས་68ཐག་གཅོད་བྱས་ཡོད་ཅེས་བཤད།
དུས་མཚུངས། གཉིས་བཀུར་ལམ་སྡེ་ཁུལ་གྱིས་ཞབས་ཞུའི་གཡུལ་ས་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་སྡེ་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད། འདི་ལོ། སྡེ་ཁུལ་དེའི་ཕྱོགས་བསྡུས་དྲ་མིག་40ཡིས་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ(དཔུང་སྡེ)བཅས་ཀྱི་ཏང་རྩ་འཛུགས་43དང་བཅའ་སྡོད་མཉམ་སྐྲུན་གྱི་གྲོས་མཐུན་བཞག་ནས་ཐུན་མོང་ཐོག་བྱེད་སྒོ་ཁག་ཐེངས་45སྤེལ་ཡོད།
ད་རེས་ཀྱི་ཚོགས་འདུར་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་གཏིང་ཟབ་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་ཏན་ཏིག་ངང་བསྐྲུན་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་སྲས་ཁང་གྲོང་ཚོའི་དུད་སྦྲེལ་སྤྱི་མི་སྤེན་པ་སྒྲོལ་མས“དུད་སྦྲེལ་སྤྱི་མིས་འགལ་ཟླ་སེལ་བ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་ལས་འགན་འཁུར་བཞིན་ཡོད། ངས་ད་རེས་ལྟ་སྦྱོང་བྱེད་སྐབས་མཐོང་བ་དང་ཐོབ་པའི་ཉམས་མྱོང་བཟང་པོར་བརྟེན་ནས་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་གི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་གྲོང་ཚོའི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།
འདི་ལོ་ལོ་39ལ་སླེབས་པའི་སྤེན་པ་སྒྲོལ་མས་དུད་སྦྲེལ་སྤྱི་མིའི་འགན་འཁུར་ནས་ལོ་གསུམ་སོང་རིང་། དུས་བཀག་ལྟར་དྲ་མིག་པ་དང་མཉམ་དུ་དུད་སྦྲེལ་ཚན་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་དང་བྱ་བ་དངོས་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། “ངའི་དུད་སྦྲེལ་ཚན་པར་ཁྱོན་དུད་ཚང་10དང་མི་གྲངས་52ཡོད་པ་དང་ཁོང་ཚོའི་གནས་ཚུལ་ངས་གསལ་པོ་ཤེས་ཀྱི་ཡོད། དོན་དག་ཡོད་ཚེ་ང་ཚོས་རྟག་ཏུ་མཉམ་དུ་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་པ་དང་ཐག་གཅོད་བྱེད་མ་ཐུབ་ཚེ་ངས་གྲོང་ཚོའི‘ཨུ་ལྷན་གཉིས’ལ་དུས་ཐོག་ཏུ་སྙན་སེང་ཞུས་ནས་མཉམ་དུ་ཐབས་ཤེས་བཙལ་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡོད”ཅེས་སྤེན་པ་སྒྲོལ་མས་བཤད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)