《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月13日

“ཇོ་མོ་གླང་མའི་སྣེ་ཁྲིད་པས”དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ།

—— གཞིས་རྩེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས“འཛུགས་གཏོད་བཞིར”སྣེ་ཁྲིད་བྱས་པའི་དངོས་བྲིས།

2023ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ་དང་། “ཇོ་མོ་གླང་མའི་སྣེ་ཁྲིད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པར་སྐུལ་འདེད་བཏང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁ་ལེན་པའི་ལེགས་ཆར་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་རྩེ་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།

གྲོང་གསེབ་ཀྱི་གཡུལ་ས་སྟོབས་ཆེན་བསྐྲུན་ནས“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་འགྲིལ་བ།

གཞིས་རྩེ་གྲོང་ཨུད་ཀྱིས་གྲོང་གསེབ་ཀྱི་ཏང་གི་སློབ་གྲྭའི(མི་སེར་གྱི་སློབ་ཁང)ཚོད་ལྟའི་ལས་དོན་སྤེལ་ནས། གཞི་རིམ་གྱི་ཏང་ཡོན་མང་ཚོགས་ཀྱི་སློབ་གསོ་གསོ་སྦྱོང་གི“མཐའ་མའི་འགག་གནད”བསལ་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”མི་སེམས་ལ་གཏིང་ཟབ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད།

——འཛུགས་སྐྲུན་ཚད་ལྡན་ཅན་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། “ཡུལ་བབ་དང་བསྟུན་པ་དང་། ཚད་ལྡན་གྲོན་ཆུང་། ནུས་པ་བསྡུ་སྒྲིལ། སློབ་གྲྭ་གཅིག་ཕྱོགས་མང་པོར་སྤྱོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། རྩ་འཛུགས་དང་། དྲིལ་བསྒྲགས། ཞིང་འབྲོག་སོགས་ཀྱི་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱ་ཡུལ་དང་། གསར་བརྗེའི་བརྗོད་དོན་གཙོ་བོའི་རིག་གནས་འགྲེམས་སྟོན། ཏང་ཡོན་གྱི་བྱེད་སྒོ་ལྟེ་གནས་བཅས་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་ཏང་གི་སློབ་གྲྭ(མི་སེར་གྱི་སློབ་ཁང)91བཏོད་དེ་ཏང་འཛུགས་སྐྱོང་གིས“དོན་ཆེན་བཞིར”རོགས་སྐུལ་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཁྱད་ལྡན་སློབ་ཁང་བཏོད་ཡོད།

——ཕན་ནུས་འདོན་སྤེལ་ཤུགས་ཆེན་ཐུབ་པ་བྱས་ཤིང་། “ཏང་གི་སློབ་གྲྭ་གྲོང་གསེབ་ཏུ་གཉེར་བ་དང་། དགེ་རྒན་ཁྱིམ་གྱི་སྒོ་ཁར་གདན་འདྲེན་ཞུ་བ། སློབ་མ་ཞིང་ནང་དང་མུ་ཁར་སྐྱོད་པ”བཅས་ཀྱི་སློབ་གཉེར་འདུ་ཤེས་ལག་ལེན་བསྟར་ནས“དམིགས་བསལ་གདན་ཞུས་རིགས་གཅིག་མཁས་ཅན་དང་། ཏང་གི་སློབ་གྲྭའི་དགེ་རྒན། ཏང་སྲིད་ལས་བྱེད་པ། ཤང་གི་ཤེས་ལྡན་མི་སྣ་བཅས་ཟུང་དུ་འབྲེལ་བའི”དགེ་རྒན་དཔུང་ཁག་བཙུགས་ཏེ“ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། ཏང་གཤིས་ཞུན་བརྡར། གོ་ཆོད་ལག་རྩལ་བཅས་ཟུང་དུ་འབྲེལ་བའི”སློབ་ཁྲིད་བྱེད་སྟངས་ཁྱབ་གདལ་བཏང་ནས། ཏང་འཛུགས་སྐྱོང་རིགས་དང་། ཞིང་ལས་རིགས། དཔལ་འབྱོར་རིགས་སོགས་ཀྱི་སྤེལ་མ་རྣམ་པའི་སློབ་ཚན་བཀོད་སྒྲིག་བྱས་ཡོད། འདི་ལོ་ཚུན་སློབ་མ་ཚོར“མངགས་བཟོ་རྣམ་པའི”གསོ་སྦྱོང་ཐེངས་380བྱས་ཡོད་པ་རེད།

——ཚོང་རྟགས་ཁྱད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། ཁྱད་ལྡན་ཐོན་ཁུངས་སྔོག་འདོན་ཧུར་ཐག་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་ཁག་དང་པོའི“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་ཀྱི་ལྟ་སྦྱོང་རྟེན་གཞི་50རུ་དབྱིངས་ཞུགས་རྣམ་པའི་སློབ་ཁྲིད་བྱས་ནས“རིགས་པའི་གཞུང་ལུགས་དང་། དཔེ་མཚོན། ས་གནས་ས་ཐོག་བཅས་ཟུང་དུ་འབྲེལ་བའི”སློབ་ཁྲིད་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཡོད། པ་སྣམ་རྫོང་བཀྲ་ཤིས་གླིང་གྲོང་ཚོས་གྲོང་གསེབ་ཏང་གི་སློབ་གྲྭ(མི་སེར་གྱི་སློབ་ཁང)སྔོ་ཚལ་དྲོད་ཁང་ཆེ་མོར་གཉེར་བ་དང་ཏང་ཡོན་འདེབས་འཛུགས་འཇོན་ཐང་ཅན་གྱིས་འདེབས་འཛུགས་དུད་ཚང་གི་སྣེ་ཁྲིད་དེ་ལག་རྩལ་གསར་པ་མཉམ་སྦྱོང་བྱས་ནས། རིགས་པའི་གཞུང་ལུགས་ཀྱི་ཏང་གི་སློབ་ཚན་ཞིང་ལས་ལག་རྩལ་སློབ་ཁང་དང་མཉམ་འདྲེས་ཐུབ་པ་བྱས་པ་རེད།

དཔེ་སྟོན་འཛུགས་གཏོད་ལས་དོན་གྱིས“འཛུགས་གཏོད་བཞི”དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ།

“དེ་གར་ཆུ་དང་གློག་ཡོད་ལ་ཞག་སྡོད་ཆོག་པ་མ་ཟད། ད་དུང་ཤ་ཚའི་ཞབས་ཞུའང་ཡོད་པས་ང་ཚོར་ཁྱིམ་གྱི་དྲོ་སྐྱིད་ཚོར་བྱུང་། ས་གནས་དེ་གའི་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་ཚོས་གཅིག་མཇུག་གཉིས་མཐུད་ངང་བསྔགས་བརྗོད་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ས་དགའ་རྫོང་གིས་རྒྱལ་ལམ་219ལམ་ཐིག་རྫོང་ཁོངས་ཀྱི་ཤར་ནུབ་ལ་ཁྱབ་པའི་ཡུལ་སྐོར་ལམ་ཐིག་གི་ལེགས་ཆར་བརྟེན་ནས་ལམ་རྒྱུད་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་གསུམ་ལ“གསར་བརྗེའི་ས་ཚིགས”སྐྲུན་རོགས་བྱས་ཏེ། འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་ཞག་སྡོད་དང་སྒར་སྡོད་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་བསྒྲུབས་ནས“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”ལ་བརྟེན་ཏེ་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གདེང་འཇོག་ཡག་པོ་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།

འདི་ལོ་ཚུན། གཞིས་རྩེ་གྲོང་ཨུད་ཀྱིས“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་བསྐྲུན་རྒྱུ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི“འདུ་འགོད་དང་པོར”བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ། 2022ལོ་ནས་2025ལོའི་བར་ལོ་ལྟར་གྲོང་ཁྱེར་རིམ་པའི“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་210བསྐྲུན་པའི་ལས་འགན་དང་དམིགས་ཚད་གཏན་འཁེལ་བྱས་ནས་ས་ཆ་འདེམས་པའི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་དང་འགུལ་རྣམ་དོ་དམ་ལམ་སྲོལ་སོགས་ཀྱི་ལས་དོན་རིམ་བཞིན་དོན་འཁྱོལ་བྱས་པ་དང་དཔེ་སྟོན་ས་ཚིགས་གཏོད་པར་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་རེད།