ལྷད་མེད་ཀྱི་བརྩེ་སེམས་བཅངས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་དགོན། དགྲ་འདུལ།
གཅིག དྲིན་ཚོར་གྱི་སེམས་པ་བཅངས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཟབ་མོ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོ་གནང་ཡོད་ལ། ལྷག་པར་དུ་2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་པ་དང་ཆེད་མངགས་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་སྟེ། ང་ཚོ་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣར་བཀའ་སློབ་དང་ཐུགས་ཁུར་ཟབ་མོ་གནང་ཡོད། འདི་ནི་རང་ཉིད་ཚུད་པའི་ཆོས་ལུགས་མི་སྣ་ཡོངས་ཀྱི་བདེ་སྐྱིད་ཆེ་ཤོས་ཤིག་རེད། ང་ཚོས་བཀའ་དྲིན་བསམ་པ་དང་། བཀའ་དྲིན་དྲན་པ། བཀའ་དྲིན་ཚོར་བ། དྲིན་ལན་འཇལ་བ་བཅས་ཀྱི་བྱང་ཆུབ་སེམས་རྩ་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་བཞིའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས། སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་པ་མ་ཟད། སྣེ་ཁྲིད་དེ་བོད་བརྒྱུད་ནང་བསྟན་གྱི“སྲོལ་རྒྱུན་བཟང་པོ་ལྔ”དར་སྤེལ་གཏོང་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་རིམ་བྱུང་མིག་དཔེར་འཛིན་པ། རང་འགུལ་ངང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་། དགོན་ཁྲིམས་འདུལ་ཁྲིམས་ནན་པོ་སྲུང་བ། རང་འགུལ་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར། དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གི་ཡིད་ཆེས་དང་རེ་བ་ཆུད་ཟོས་སུ་བཏང་མེད།
གཉིས། ལྷད་མེད་ཀྱི་བརྩེ་སེམས་བཅངས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ།
2022ལོའི་ཟླ་5པར། ཧྲུའུ་ཅི་ཝང་ཅུན་ཀྲེང་སྐུ་ངོ་མས“འདུ་ཤེས་གསུམ”གྱི་སློབ་གསོ་བཀོད་སྒྲིག་གནང་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚོས“འདུ་ཤེས་གསུམ”བརྟན་པོར་བཙུགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཏང་དང་བསམ་བློའི་ཐོག་བློ་ཁ་གཅིག་མཐུན་དང་། བློ་སེམས་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱས་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་བསམ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་མཉམ་འདྲེས། རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པ་དང་། ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ཁྲིམས་སྲུང་སྐྱོང་ཧུར་ཐག་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པ། ང་ཚོས་སྒྲིག་བཀུར་ཁྲིམས་སྲུང་གིས་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་དང་ཁྲིམས་བཞིན་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ཏེ། ཏང་གཅེས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་པ་བཅས་ཀྱི་བཀའ་སློབ་གནང་ཡོད། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཆོས་ལུགས་ལས་རིགས་ཀྱི་སྒྲོག་འགྲེལ་པ་ཡིན་པའི་ང་ནི་སྒྲིག་འཛུགས་པ་ཞིག་དང་དེའི་ནང་ཞུགས་མཁན་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་སྒྲིག་འཛུགས་ཞིབ་ཚགས་འོག རང་ཉིད་རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་དང་། སློབ་སྦྱོང་སྤེལ་རེས། དྲིལ་བསྒྲགས་སྒྲོག་འགྲེལ། རྟོག་ཞིབ་སློབ་སྦྱོང་བཅས་ནང་ཞུགས་པར་བརྟེན་རང་ཉིད་ཀྱི་བསམ་བློའི་ངོས་འཛིན་དང་མི་རིགས་ལ་བཅངས་པའི་སྤོབས་སེམས་ཆེ་རུ་ཕྱིན་པ་མ་ཟད། “ཆོས་ལུགས་ལས་རྒྱལ་ཁབ་གཙོ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ། ཆོས་པ་ལས་སྤྱི་དམངས་གཙོ”བཅས་ཀྱི་འདུ་ཤེས་མྱོང་ཚོར་དེ་བས་ཟབ་ཏུ་ཕྱིན་སོང་། ལྷག་པར་དུ་ཐོས་བསམ་མྱོང་རྟོགས་ཀྱི་དུས་མཚམས་སུ། ང་ཚོས་ལྷ་ས་གྲོང་ཁྱེར་གྱི“འདུ་ཤེས་གསུམ”གྱི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི“བསྡུར་བ་བདུན་དང་མཐོར་གཏོང་བདུན”གྱི་ཞིབ་ཕྲའི་བླང་བྱ་ལྟར། རང་ངོས་ཁྲོད་ལྷག་པའི་གནད་དོན་ཞིབ་བཤེར་བྱེད་པར་སྣེ་ཁྲིད་དང་དག་ཐེར་བྱེད་ཐབས་བཏོན་པར་བརྟེན་རང་ཉིད་ཀྱི་བསམ་བློའི་ངོས་འཛིན་མཐོ་རུ་ཕྱིན་སོང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷ་ས་གྲོང་ཨུད་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་སློབ་སྦྱོང་སློབ་གསོར་ཞུགས་པ་བརྒྱུད་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ་མ་ཟད། དགོན་པ་དེ་བས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། གོམ་སྟབས་རྗེས་མར་ངས་ཏང་དང་། སྲིད་གཞུང་། དད་ལྡན་མང་ཚོགས་། དགེ་འདུན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མུ་མཐུད་བཅངས་ནས་ཏང་ཨུད་དང་། སྲིད་གཞུང་། དགོན་སྡེ་དོ་དམ་ཨུ་ལྷན་བཅས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ལ། རྒྱ་ཆེའི་དགེ་འདུན་པ་ཚོའི་ཁྲོད“ཚད་གཞི་བཞི”དང“འདུ་ཤེས་གསུམ”གྱི་བླང་བྱ་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་འཛུགས་གཏོད་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པར་སྣེ་ཁྲིད་བྱེད་ཀྱི་ཡིན།
གསུམ། རྒྱལ་གཅེས་ཆོས་གཅེས་ཀྱི་ཐོག་མའི་བསམ་འདུན་ལ་གཞིགས་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ།
ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་མི་སྣར་སྔར་ནས་བཟུང་ཐུགས་ཁུར་ཆེན་པོ་གནང་བ་མ་ཟད། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། དེང་རབས་ཤེས་ལྡན་གྲྭ་བཙུན་གསོ་སྐྱོང་གི་ཆ་རྐྱེན་ལེགས་སུ་གཏོང་བ། དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་འགན་ལེན་བྱེད་དགོས་རིགས་འགན་ལེན་བཅས་བྱས་ཏེ། ང་ཚོས་ཆོས་གཞུང་སློབ་སྦྱོང་དང་ཆོས་དོན་ཉམས་ལེན་བྱེད་པར་སྔར་མེད་ཀྱི་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། ཚོགས་གཙོ་པཎ་ཆེན་རིན་པོ་ཆེས་ལྷ་ས་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་ང་ཚོའི་ནང་བསྟན་ང་ཚོ་མི་རབས་འདིའི་ཧུར་བརྩོན་ལག་ལེན་ལ་བརྟེན་ནས་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ། ནུས་པ་དེ་བས་ལེགས་པ་འདོན་སྤེལ་དང་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་ཡོད། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་ཡིན་པའི་ངས་ཐོག་མཐའ་བར་གསུམ་དུ་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་ཀྱི་ཐོག་མའི་ཕུགས་འདུན་བརྟན་སྲུང་དང་། ཏང་གཅེས་རྒྱལ་གཅེས་ཆོས་གཅེས་ཀྱི་འགན་ནུས་ལག་བསྟར། “འདུ་ཤེས་གསུམ”གྱི་སློབ་གསོར་ཧུར་ཐག་ཞུགས་པ། རང་འགུལ་ངང“ཚད་གཞི་བཞི”ལག་བསྟར། མཚུར་ཕུ་དགོན་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ། ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཞིབ་ཕྲའི་བླང་བྱ་དོན་འཁྱོལ་ནན་པོ། དགེ་འདུན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྒྱལ་བབ་ལྗོངས་བབ་ཀྱི་སློབ་གསོ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད། དགོན་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་སོགས་ཀྱི་ལས་དོན་སྤེལ་ནས་རང་ནུས་གང་ཡོད་ཀྱིས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན། གོམ་སྟབས་རྗེས་མའི་ལས་དོན་ཁྲོད་ངས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ང་ཚོར་བཏོན་གནང་བའི“བཟང་པོ་བཞིའི་གྲྭ་བཙུན”བྱེད་དགོས་པའི་བཀའ་སློབ་བློ་ལ་བཅངས་ནས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། “ཕན་འདོགས་པ་ལྔའི”ཚད་གཞི་ལྟར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་བྱེད་ཀྱི་ཡིན།
རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཡག་པོ་ཞིག་དང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་བརྟན་དུ་གཏོང་མཁན་ལག་ལེན་པ་ཞིག་བརྩོན་ལེན་བྱེད་ཀྱི་ཡིན།
ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཀློག་ཆོས་སྡེ་དགོན། དངོས་གྲུབ་རྡོ་རྗེ།
གཅིག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་ཆོས་ལུགས་ལས་རིགས་ཁྲོད་རྒྱལ་བབ་དང་། ལྗོངས་བབ། གྲོང་བབ་བཅས་ཀྱི་སློབ་གསོ་ཤུགས་ཆེན་སྤེལ་ཞིང་། ང་རང་ཆུ་གསུམ་རྫོང་གི་ཆོས་ལུགས་ལས་རིགས་མི་སྣ་ལྗོངས་ཕྱིར་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོའི་བྱེད་སྒོ་སྤེལ་བར་བསྐྱོད་པའི་ནང་ཞུགས་རྒྱུ་བྱུང་། སྐབས་འདིར་པེ་ཅིང་དང་ཁྲེང་ཏུའུ་སོགས་སུ་བསྐྱོད་དེ་ཕོ་བྲང་རྙིང་པ་དང་། ལྕགས་རི་རིང་པོ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་སོགས་ལ་སྔ་རྗེས་སུ་ལྟ་སྐོར་དང་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་མྱོང་རོལ་བྱ་རྒྱུ་བྱུང་། རྒྱལ་ཁབ་དར་རྒྱས་སྟོབས་ལྡན་ཆགས་པ་མཐོང་སྐབས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་རང་ཉིད་ལ་སྤོབས་པ་ཚད་མེད་སྐྱེས་བྱུང་ལ། པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་རྒྱུ་བྱུང་། རྒྱལ་གླུ་དཀྲོལ་ཏེ་བརྗིད་ཉམས་ལྡན་པའི་སྐར་ལྔའི་དར་དམར་དལ་གྱིས་སྒྲེང་སྐབས་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ལ་མཆི་ཞག་འཁོར་བྱུང་ལ། འགྲེལ་བཤད་རྒྱག་མཁན་གྱིས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ངོ་སྤྲོད་བྱེད་པའི་རྣམ་པ་དེ་ཡིད་ལ་ལྷང་ལྷང་དུ་དྲན་པ་དང་། མེས་རྒྱལ་སྲུང་བའི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་བློ་ལ་འཁོར་སྐབས། ཁོང་ཚོ་ནི་དངོས་འབྲེལ་མི་དམངས་ཀྱི་དོན་དུ་སྐུ་ལས་བསྐྱོན་མཁན་གྱི་ནང་པ་བ་ངོ་མ་དེ་རེད་སྙམ་བྱུང་ལ། ཁོང་ཚོས་དར་སྤེལ་གཏོང་བ་ནི་མི་རིགས་ཀྱི་དོན་དུ་བསྐྱར་དར་བརྩོན་ལེན་བྱེད་པ་དང་། མི་དམངས་ཀྱི་དོན་དུ་བདེ་སྐྱིད་བརྩོན་ལེན་བྱེད་པ་དེ་རེད། ང་ཚོ་ནང་པའི་རྗེས་འཇུག་པ་ཞིག་གི་ངོས་ནས་བརྗོད་ན། སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གཏོང་གི་ཡོད། དེའི་སྙིང་པོ་མདོར་བསྡུས་ན་སེམས་ཅན་གྱི་དོན་དུ་དགེ་བའི་ལས་སྒྲུབ་པ་གཅིག་མཚུངས་རེད། སྐབས་དེ་དུས་ང་རང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། སླད་ཕྱིན་གྱི་འཚོ་བའི་ནང་པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་བོད་བརྒྱུད་ནང་བསྟན་གྱི་སྐྱེས་བུ་དམ་པ་ཚོའི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། འཆམ་མཐུན་ལ་བརྩི་མཐོང་སོགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ། མི་དམངས་ཀྱི་གཙོ་འཛིན་ལ་བརྩི་བཀུར་དང་། ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བཅས་མཐའ་གཅིག་ཏུ་ཞུ་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དབྱེ་མཚམས་མཐའ་གཅིག་ཏུ་གསལ་པོར་ཕྱེ་ནས་ཡིན་མིན་ཆེན་པོའི་མདུན་དུ་སྔ་བར་ཕྱི་གསུམ་དུ་ལངས་ཕྱོགས་བརྟན་པོར་སྲུང་བ། འགག་རྩའི་དུས་སྐབས་སུ་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་ཕྱོགས་སུ་ལངས་པ་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་ཐུབ་པའི་སེམས་ཐག་བཅད་པ་ཡིན།
གཉིས་ནས་དམངས་ལ་དངོས་དོན་གཉེར་མཁན་སྲིད་གྲོས་ཨུ་ཡོན་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན། ཉེ་བའི་ལོ་ཤས་རིང་། ངས་རང་འགུལ་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ་དང་རང་འགུལ་ངང་ཀློག་ཆོས་སྡེ་དགོན་དོ་དམ་ཨུ་ལྷན་གྱིས་གཉེར་བའི་གཅིག་སྡུད་སློབ་ཁྲིད་དང་གཅིག་ལ་གཅིག་གཏད་དང་མང་ཁ་གཅིག་གཏད་ཀྱི་སྦྱོང་བརྡར་ནང་ཧུར་ཐག་ཞུགས་པ་ཡིན། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱི་ཁྲིད་སྟོན་དང་དགོན་པ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་རོགས་རམ་འོག ལོ་འགའ་ཞིག་གོང་རྒྱ་སྐད་ཀྱི་སྒྲ་སྦྱོར་མི་ཤེས་པ་ནས་ད་ཆ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱད་དེ་འབྲེལ་གཏུག་སྤེལ་རེས་བྱེད་ཐུབ་པ་བྱུང་། རྫོང་རིམ་པའི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ང་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱོང་བ་དེ་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་མོས་སེམས་དང་ཀྲུང་ཧྭའི་རིག་གནས་ལ་བཅངས་བའི་མོས་སེམས་ཤིག་ཡིན་པ་མ་ཟད། རང་གི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲིའི་བླང་བྱ་ཞིག་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱངས་ན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་འཚོ་བཅུད་གང་ལེགས་བསྡུ་ལེན་ཐུབ་པ་མ་ཟད། སྲིད་ཞུགས་སྲིད་གླེང་གི་ཡིད་ཆེས་ཀྱང་ཆེ་རུ་འགྲོ་གི་འདུག ངས་སླད་ཕྱིན་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་དང་ཏང་གི་ཐུགས་ཁུར་བློ་ལ་བརྟན་པོར་བཅངས་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ། དགེ་འདུན་པ་གཞན་དག་ལ་ནང་ཆོས་ཐོས་བསམ་སློབ་གཉེར་བྱེད་པའི་ཞོར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་སྐུལ་མ་གཏོང་བ་དང་། ཏང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་དད་ལྡན་མང་ཚོགས་ལ་མེས་རྒྱལ་གཅིག་གྱུར་ལ་སྔར་བས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲིད་སྟོན་བྱེད་ཀྱི་ཡིན།
གསུམ་ནས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་བརྟན་དུ་གཏོང་མཁན་ལག་ལེན་པ་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན། བོད་བརྒྱུད་ནང་བསྟན་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ལྟ་རྟོག་འོག བོད་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཀྲུང་གོའི་ཆོས་ལུགས་ཀྱི་གྲུབ་ཆ་ཞིག་རེད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ངས་སླད་ཕྱིན་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་མུ་མཐུད་ཟབ་ཏུ་གཏོང་བ་དང་། རྒྱལ་ཁྲིམས་དེ་ཆོས་ཁྲིམས་ལས་ལྷག་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཆབ་སྲིད་དང་། ལོ་རྒྱུས། ཚན་རིག་སོགས་ཀྱི་རིག་གནས་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ནས་རྒྱུན་ཆད་མེད་པར་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་། རང་ཉིད་ཀྱི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་བ། བྱང་ཚད་མཐོ་རུ་གཏོང་བ། ནང་བསྟན་གྱི་གསུང་རབ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། བོད་བརྒྱུད་ནང་བསྟན་གྱི“རབ་ཏུ་བྱུང་ཡང་རྒྱལ་གཅེས་མི་བརྗེད་པ་དང་སྒོམ་སྒྲུབ་བྱས་ཀྱང་འགྲོ་དོན་མི་བརྗེད་པའི”ཕུལ་བྱུང་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་ཧུར་ཐག་བྱེད་པ། ནང་བསྟན་རིག་གནས་ཀྱི་དགེ་ཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། དད་ལྡན་མང་ཚོགས་ལ་རྒྱུན་གཏན་འཚོ་བའི་ཁྲོད་རྒྱལ་གཅེས་ཁྲིམས་སྲུང་དང་། ལས་གཅེས་ལས་བཀུར། ཟོལ་མེད་ཡིད་རྟོན། གཞན་ཕན་དགེ་སྒྲུབ་བཅས་བྱ་བའི་ཁྲིད་སྟོན་བྱེད་ཀྱི་ཡིན།
བཞི་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གྱི་ལག་ལེན་པ་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན། རང་ཉིད་སྡོད་སའི་ཀློག་ཆོས་སྡེ་དགོན་དུ་དེ་སྔ་ནས“ཡོད་པ་དགུའི”ལས་གྲྭ་ལེགས་གྲུབ་བྱུང་མོད། འོན་ཀྱང་དགོན་སྡེ་དེ་རི་ལྡེབས་སུ་གནས་པ་དང་ས་གཤིས་སོབ་པའི་རྐྱེན་གྱིས་དགོན་སྡེའི་གྱང་ལ་གས་སྲུབ་ཆེན་པོ་ཤོར་ནས་བདེ་འཇགས་ཐད་མི་མངོན་པའི་རྐྱེན་ངན་ཅུང་ཆེན་པོ་ཐོན་ཡོད། དེའི་ཐད་2022ལོར་ཏང་དང་སྲིད་གཞུང་གིས་སྒོར་ཁྲི་150བཏང་ནས་དགོན་སྡེའི་ཚོམས་ཆེན་ཉམས་གསོ་བྱས་པ་དང་། དགོན་སྡེའི་ཨར་སྐྲུན་གྱི་ཐེག་ནུས་དང་། སྤྱོད་ཡུན། ཐོག་འགོག ཡོམ་འགོག་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ཡོད། 2023ལོར་རྫོང་རིམ་པའི་ནོར་སྲིད་ཀྱིས་སྒོར་ཁྲི་10ལྷག་ཙམ་བཏང་ནས་དགོན་སྡེའི་གྱང་ཉམས་གསོ་བྱས་ཏེ་དུས་ཐོག་ཏུ་ཉེན་སེལ་བརྟན་གཏོང་གནང་ཡོད། ང་ཚོ་དགེ་འདུན་པ་ཡོངས་ལ་ད་དུང་རིན་མེད་ངང་གཟུགས་པོར་བརྟག་དཔྱད་དང་། སྨན་བཅོས་འགན་བཅོལ། རྒན་གསོ་སོགས་ཀྱི་ཕན་བདེ་ལོངས་སྤྱོད་བྱ་རྒྱུ་བྱུང་། དེ་དག་བརྒྱུད་ང་ཚོར་ཏང་གིས་ཐུགས་ཁུར་ཟབ་མོ་གནང་བ་མྱོང་ཚོར་ཐུབ་བྱུང་ལ། ང་ཚོ་ནི་ཏང་གི་བཀའ་དྲིན་འོག་འཚར་ལོངས་བྱུང་བའི་དུས་རབས་གསར་པའི་དགེ་འདུན་པ་ཞིག་ཀྱང་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ཏང་དང་སྲིད་གཞུང་གིས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ནི་དཔྱིད་ཀྱི་ཉི་འོད་དང་འདྲ་བར་ང་ཚོའི་སེམས་ལ་དྲོ་སྐྱིད་སྦྱིན་མཁན་ཞིག་རེད། ངས་སླད་ཕྱིན“མོས་སེམས་ལྔ”བརྟན་དུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བསམ་པ་རྣམ་དག་གིས“སྲུང་སྐྱོང་གཉིས”ཐུབ་པ། དགོན་སྡེ་དོ་དམ་གྱི་གཏན་འབེབས་ཁག་ལག་བསྟར་ནན་པོ་བཅས་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་དང་དགོན་སྡེ་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།
(པར་ངོས་གསུམ་པ་དང་ལྔ་པའི་གཏམ་བཤད་གནད་བསྡུས་ཀྲུང་གུང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)