ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་བཏོན་དོན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ནང་དོན་གལ་ཆེན་ཞིག་རེད།
རྒྱང་ལམ་གསར་པར་བསྐྱོད་སྐབས་ངེས་པར་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་གནམ་སྔོན་དང་། ས་ལྗང་། ཆུ་དྭངས་བཅས་ཀྱི་མཛེས་སྡུག་ཁྱིམ་གཞིས་སྐྲུན་དགོས།
《བསམ་འཆར》ནང་བཏོན་པའི་དམིགས་ཚད་གཙོ་བོ་ནི། 2027ལོར་སླེབས་སྐབས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་། སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་རྒྱུན་མཐུད་ཉུང་དུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བ། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་བྱེད་སྟངས་ལེགས་སུ་འགྲོ་བ། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་བདེ་འཇགས་འགན་ལེན་ནུས་ལྡན་ཡོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་བ་བཅས་བྱས་ཏེ། ལག་ལེན་གྱི་མ་དཔེ་ཁག་གཅིག་ཆགས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུ་རེད། 2035ལོར་སླེབས་སྐབས་ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ཏུ་ཆགས་པ་དང་། ཐཱན་ཕྱིར་འབུད་བྱེད་ཚད་མཐོ་ཤོས་སུ་སླེབས་རྗེས་བརྟན་པོའི་ངང་ཆག་པ། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ལེགས་སུ་འགྲོ་བ། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོང་བྱེད་སྟངས་གསར་པ་ཕྱོགས་ཡོངས་ནས་ཆགས་པ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྔར་བས་བརྟན་པོ་ཡོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་སྤྱིར་ན་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་སྤྱིར་ན་མངོན་འགྱུར་ཡོང་བ་བྱ་རྒྱུ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དུས་རབས་འདིའི་དུས་དཀྱིལ་ལ་ཕྱོགས་སྐབས་སྐྱེ་ཁམས་ཤེས་དཔལ་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཕྱོགས་ཡོངས་ནས་ཆགས་པ། གཙོ་གནད་ཁྱབ་ཁོངས་སུ་ཐཱན་བྲལ་བྱེད་ཚད་གཏིང་ཟབ་ཡོང་བ། སྐྱེ་ཁམས་ཁོར་ཡུག་སྐྱོན་བྲལ་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་རེད།
《བསམ་འཆར》ནང་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སུ་མགྱོགས་སུ་འགྱུར་བ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་སྡེབ་སྒྲིལ་བེད་སྤྱོད་ལ་སྐུལ་འདེད་བཅས་གཏོང་དགོས་པའི་ནན་བཤད་བྱས་པ་སྟེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་མུ་མཐུད་གཏིང་ཟབ་གཏོང་བ་དང་། དགུང་སྔོན་སྲུང་སྐྱོང་དམག་འཐབ་དང་། ཆུ་དྭངས་སྲུང་སྐྱོང་དམག་འཐབ། ས་གཙང་སྲུང་སྐྱོང་དམག་འཐབ་བཅས་མུ་མཐུད་ཡག་པོ་རྒྱག་པ། སྲ་གཟུགས་སྙིགས་རོ་དང་སྦགས་བཙོག་དངོས་པོ་གསར་པ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། རང་བྱུང་གི་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཆ་ལག་ཚང་བའི་བཅོས་སྐྱོང་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་མཐའ་ཚད་བརྟན་པོར་སྲུང་བ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལ་འགན་ལེན་བྱེད་པ་དང་། སྐྱེ་དངོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་དང་ཉེན་ཁར་ཁ་གཏད་ནུས་ལྡན་གཅོག་པ། ཁོར་ཡུག་གི་ཉེན་ཁར་ཚོད་འཛིན་ནན་པོ་བཅས་བྱེད་དགོས།
མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་མ་དཔེ་གཏོད་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། འཛུགས་གཏོད་དཔེ་སྟོན་བཅས་བྱེད་དགོས།
མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམངས་ཡོངས་ཀྱི་བྱ་སྤྱོད་སྤེལ་བ་དང་། སྐྱེ་ཁམས་རིག་གནས་སྐྱེད་སྲིང་དང་དར་སྤེལ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་བ། སྣ་མང་ཞུགས་པའི་བྱ་སྤྱོད་མ་ལག་གཏོད་པ། “མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ང་ནི་ལག་ལེན་པ་ཡིན”བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་དགོས།
《བསམ་འཆར》ནང་། ད་དུང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ཡང་བཏོན་ཡོད།
(བསོད་བདེ་གཞོན་པས་བསྒྱུར། སྤེན་ཚེས་ཞུས)