བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་གྱི་ཡིན།
ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཀི་ཁུ་དགོན། སངས་རྒྱས་ལེགས་གྲུབ།
གཅིག བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་འགུལ་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ།
བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དེ་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་བར་ཕན་པ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཕན་པ་ཞིག་ཡིན་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ནི་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། དེ་བོད་བརྒྱུད་ནང་བསྟན་ཀྲུང་ཧྭའི་རིག་གནས་དང་དེ་བས་མཉམ་འདྲེས་དང་དེང་རབས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་དང་འཚམ་པར་བྱ་རྒྱུར་ཁྲིད་སྟོན་དང་། ཆོས་ལུགས་མཐར་འཛིན་གྱི་བསམ་བློའི་གནོད་འཚེ་མི་ཕོག་པ། མངའ་ཁོངས་ཕྱི་རོལ་གྱིས་ཆོས་ལུགས་སྤྱད་དེ་སིམ་འཛུལ་བྱེད་པར་བཀག་འགོག བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་། ཉེན་ཁ་ཚབས་ཆེན་མི་ཐོན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ལག་ལེན་ཁྲོད་བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ཚོས་རྒྱལ་སྐྱོང་འགྲོ་ཕན་གྱི་བླང་བྱ་གལ་ཆེན་ལག་ལེན་བསྟར་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ལོ་རྒྱུས་བཅས་སློབ་སྦྱོང་། ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁག་སློབ་སྦྱོང་བཅས་བྱས་ཏེ། དུས་རབས་ཡར་ཐོན་དང་མི་མཐུན་པའི་ལུགས་རྙིང་སྲོལ་ངན་རང་རྟོགས་ངང་འདོར་བ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་བརྒྱུད་ནང་བསྟན་སྤྱད་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ། རྟག་ཏུ་དྲིན་ཚོར་གྱི་སེམས་པ་འཆང་བ། བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཚེ་གཞི་ནས་ནུས་པ་ཐོན་ཐུབ་ལ། སྐྱོན་བྲལ་ངང་རྒྱུན་མཐུད་བྱེད་ཐུབ།
གཉིས། “འདུ་ཤེས་གསུམ”གྱི་སློབ་གསོ་དང་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྣམ་པ་བཟང་པོ་ཧུར་ཐག་བཏོད་པ།
“འདུ་ཤེས་གསུམ་”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དེ་ནི་རྨང་གཞི་བརྟན་དུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི“གསེར་གྱི་ལྡེ་མིག”ལྟ་བུ་ཞིག་ཡིན་པས། མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་སོགས་སྲུང་སྐྱོང་བྱེད་པར་འགག་རྩའི་རང་བཞིན་གྱི་ནུས་པ་ཐོན་རྒྱུ་རེད། ངས་ཤེས་གསལ་ལྟར། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་གི་ངོས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་ཡག་པོ་སྤེལ་དགོས་ན། ངེས་པར་དུ“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས” དེར་བརྟེན་རྫོང་ཨུད་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་བགྲོ་གླེང་ཚོགས་འདུའི་ཐོག་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག ནང་བསྟན་མཐུན་ཚོགས་ལས་འཛིན་གྱི་སྲིད་ཇུས་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་འཛིན་གྲྭ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་འབྲེལ་བ་དང་སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་ངས་དབུ་ཁྲིད་རྣམ་པ་དང་། བླ་མ་དགེ་བའི་བཤེས་གཉེན། དཔེ་ཁྲིད་དགེ་རྒན། ཆོས་ལུགས་ལས་དོན་གྱི་ཆེད་བསྐོས་ལས་བྱེད་པ་བཅས་ལ་སེམས་ཆུང་ངང་བཀའ་འདྲི་ཞུས་པ་མ་ཟད། དྲ་སྦྲེལ་དང་དྲིལ་བསྒྲགས་ཀློག་དེབ་སོགས་བརྒྱུད་ལས་སྒོའི་ཤེས་བྱ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ་དང་ཆེད་དོན་སྒྲོག་འགྲེལ་ནང་དོན་ཁག་ཁོང་དུ་ཆུད་པར་བྱས་ནས་སྒྲོག་འགྲེལ་གྱི་བརྒྱུད་རིམ་ཁྲོད་དུ་མཉམ་འདྲེས་ཐུབ་པའི་འགན་ལེན་བྱས་པ་ཡིན། དེ་དང་ཆབས་ཅིག་སྨར་ཁམས་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་ཞིག་ཡིན་པའི་ངོས་ནས་ངས་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། ཏང་གི་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཐེངས་མང་བྱས་པར་རྫོང་དང་ཤང་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་བྱུང་། སྒྲོག་འགྲེལ་བྱེད་སྐབས། ངས་བོད་གསར་རྙིང་གི་བསྡུར་བ་ཤོད་པ་དང་། སྨར་ཁམས་ཀྱི་སྔོན་ཆད་དང་ད་ཆའི་འཕོ་འགྱུར་སྐོར་གླེང་བ། བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཀྱི་ལོ་རྒྱུས་གླེང་བ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་གསལ་འགྲེལ་བཅས་བྱས་ཏེ་རང་ཉིད་ཀྱི་མྱོང་ཚོར་དངོས་ཀྱི་ཐོག་ནས་རྒྱ་ཆེའི་དགེ་འདུན་པ་ཚོར་སློབ་གསོ་བཏང་བས་སྒྲོག་འགྲེལ་གྱི་ཕན་འབྲས་ཧ་ཅང་ཡག་པོ་ཐོན་སོང་། གཞན་ཡང་ངས་ད་དུང་རང་འགུལ་ངང་དགོན་སྡེའི་དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་རྒྱུན་མཐུད་བྱས་པ་དང་། དགོན་སྡེའི་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་བྱས་ནས“འདུ་ཤེས་གསུམ”གྱི་སློབ་གསོའི་བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་དང་ཤེས་བྱའི་འགྲན་བསྡུར་སོགས་རིག་རྩལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས“འདུ་ཤེས་གསུམ”མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། དྲིལ་བསྒྲགས་སློབ་གསོ་དང་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་དགོན་སྡེའི་དགེ་འདུན་པ་ཚོའི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་པ་དང་ཆོས་ལུགས་ལས་དོན་སྤེལ་སྟངས་སྔར་བས་ཚད་ལྡན་དུ་སོང་ནས་རྫོང་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་བརྟན་ལྷིང་དང་། ཁྱོན་ཡོངས་བརྟན་ལྷིང་། ཡུན་རིང་བརྟན་ལྷིང་བཅས་ཡོང་ཆེད་དགོས་ངེས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
གསུམ། ཏང་གི་བཀའ་དྲིན་ནམ་ཡང་སེམས་ལ་བརྟན་པོར་ངེས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་པ།
ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་བར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་ཆབ་སྲིད་དབང་ཆ་ཚང་མ་ཐོབ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ལྷག་ཙམ་སོང་རིང་ཏང་གི་འོད་སྟོང་འཕྲོ་བའི་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ནས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་མཐོང་ལག་ཟིན་གྱི་དམངས་ཕྱུག་བོད་དར་གྱི་སྲིད་ཇུས་བཟང་པོ་དང་དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་བཟང་པོ། གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་རབ་དང་རིམ་པ་བསྐྲུན་ནས་དོན་འཁྱོལ་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཧ་ཅང་དོད་དུ་ཕྱིན་ཞིང་། སེམས་གཏིང་ནས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་ཏང་གི་བཀའ་དྲིན་ཚོར་བཞིན་ཡོད།
སླད་ཕྱིན་གུས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་བཅངས་པ་དང་ཏང་གི་བཀའ་དྲིན་ནམ་ཡང་བློ་ལ་བརྟན་པོར་ངེས་ཏེ་སྐྱེས་ཆེན་དམ་པ་ཚོའི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས“འདུ་ཤེས་གསུམ”བརྟན་པོ་འཛུགས་པ་དང་། “ལེགས་པོ་བཞི་ལྡན་གྱི་གྲྭ་བཙུན”བརྩོན་ལེན་བྱས་ཏེ། རང་ངོས་ཀྱི་ནང་ཆོས་ཀྱི་ཡོན་ཚད་མཐོ་རུ་དང་ཀུན་སྤྱོད་ལེགས་སུ་བཏང་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཐོག་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཆོས་ལུགས་ཀྱི་ཞབས་ཞུ་སྒྲུབ་པ་དང་ཆབས་ཅིག ཆོས་ལུགས་ཀྱི་འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་དགོངས་འགྲེལ་བྱས་ནས“འདུ་ཤེས་བཞི”ཟབ་གཏོང་དང་། “གདེང་ཚོད་བཞི”བརྟན་གཏོང་། “སྲུང་སྐྱོང་གཉིས”ཐུབ་པ། “གཏན་འཁེལ་གཉིས”སྲུང་སྐྱོང་ཐུབ་པ་བཅས་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་སྲུང་སྐྱོང་ཧུར་ཐག་ཞུ་རྒྱུ་ཡིན་ལ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཀྱང་འབུལ་གྱི་ཡིན།
“འདུ་ཤེས་གསུམ”གྱི་སློབ་གསོའི་སྒྲོག་འགྲེལ་པ་ཡག་པོ་ཞིག་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡིན།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཤུག་གསེབ་དགོན། བསོད་ནམས་ཆོས་སྒྲོན།
གཅིག རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོའི་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ།
2022ལོའི་ཟླ་5པ་ནས་བཟུང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར་། རྫོང་བཅས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་ཤུག་གསེབ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་སྒྲིག་འཛུགས་ཞིབ་ཚགས་འོག དགོན་སྡེའི་བཙུན་མ་ཡོངས་ཀྱི་ཁྲོད“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ཡོད། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་གྲྭ་བཙུན་སྒྲོག་འགྲེལ་པ་ཞིག་གི་ངོས་ནས་ངས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁྲོད“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱུང་ཞིང་། སློབ་སྦྱོང་སློབ་གསོའི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གྱི་ནང་དོན་གཙོ་བོར་བརྩིས་ཏེ། དགོན་སྡེའི་བཙུན་མ་རྣམས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཇེ་ཆེར་འཕེལ་བའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། ན་ནིང་ང་ལྗོངས་ཡོངས་ཀྱི་དགོན་སྡེའི་བཙུན་མའི་འཐུས་མི་བྱས་ཏེ་ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་སྐལ་བྱུང་། ཚོགས་འདུའི་རིང་རང་ཉིད་ཀྱིས་རང་འགུལ་ངང་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཚོགས་ཞུགས་བུད་མེད་འཐུས་མི་དང་བསམ་བློ་སྤེལ་རེས་བྱས་ཏེ། ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ང་ཚོ་ཆོས་ལུགས་ལས་དོན་པའི་སློབ་སྦྱོང་ཉམས་ལེན་དང་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་ལུགས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། ཆོས་ལུགས་ལས་རིགས་མི་སྣའི་སྲིད་ཞུགས་སྲིད་གླེང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་པ་ཡིན། དགོན་པར་ལོག་རྗེས། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་སྒྲིག་འཛུགས་བྱས་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་བརྒྱུད། ངས་ཚོགས་འདུའི་དགོངས་དོན་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེའི་བཙུན་མར་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ནས་ཁོང་ཚོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་ལ་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས། རང་རྟོགས་ངང་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་ཐུབ་པ་བྱས་ཏེ། མེས་རྒྱལ་ཁ་ཕྲལ་གྱི་བྱེད་སྤྱོད་ནང་མི་ཞུགས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ནང་མི་ཞུགས་པར། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་ཡོད།
གཉིས། ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་བརྒྱུད་མངོན་གསལ་དོད་པའི་གནད་དོན་ལ་ལྟ་བཤེར་བཅོས་སྒྲིག་བྱས་པ།
ལྷ་ས་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ངས་དགོན་སྡེ་ཡོངས་ཀྱི་བཙུན་མའི་སྣེ་ཁྲིད་དེ“འདུ་ཤེས་གསུམ”གྱི་སློབ་གསོའི་ཐོས་བསམ་མྱོང་རྟོགས་དུས་མཚམས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ནས། དགོན་སྡེ་དང་བཙུན་མའི་རང་ངོས་ལ་གནས་པའི་མི་འདང་སར་ལྟ་བཤེར་ནན་ཏན་གྱིས་དགོན་སྡེ་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་བྱས་ནས། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་པ་དང་། ལྷག་པར་དུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ལྟར་དགོན་སྡེར་ལོ་མང་རིང་གནས་པའི་ནད་རྙིང་རྨ་རྙིང་ལྟ་བུའི་གནད་དོན་ལ་དམིགས་ནས། དགོན་སྡེའི་ཁོར་ཡུག་བཅོས་སྒྲིག་ཆེ་མོ་བྱས་ཡོད། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རིང་གི་བཅོས་སྒྲིག་བརྒྱུད། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ཁག་དང་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། དགོན་སྡེའི་དཔེ་སྦྱོང་དང་། དཔེ་ཀློག བསྙེན་སྒྲུབ་སོགས་སྒོམ་སྒྲུབ་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ་དང་། དད་ལྡན་མང་ཚོགས་ཀྱི་གླིང་སྐོར་དང་མཆོད་མཇལ་སོགས་ལའང་འགན་ལེན་དེ་བས་ཡག་པོ་ཐུབ་པ། དགོན་སྡེའི་རིག་དངོས་ཉམས་གསོ་སྲུང་སྐྱོང་ཐུབ་པ། དགོན་སྡེ་ཡོངས་ཀྱི་བཙུན་མ་ཚང་མར་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཞན་སྐྱོར་མཁན་ཡོད་པ་བཅས་མངོན་འགྱུར་བྱུང་བས། ཕུགས་ཀྱི་སེམས་ཁྲལ་རྩ་བ་ནས་མེད་པར་གྱུར་ཏེ། ཏང་དང་སྲིད་གཞུང་གི་དྲོ་འཇམ་ཉི་འོད་འོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ལོངས་སུ་སྤྱོད་བཞིན་ཡོད་པས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ང་ཚོའི་གདེང་ཚོད་དང་ཆོད་སེམས་ཇེ་བརྟན་དུ་ཕྱིན་ནས། ཏང་དང་སྲིད་གཞུང་དང་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་མཐའ་གཅིག་ཏུ་བྱས་ཡོད།
གསུམ། “འདུ་ཤེས་གསུམ”བརྟན་པོར་བཙུགས་ཏེ“བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་ལྔ”སྣེ་ཁྲིད་ནས་དར་སྤེལ་བཏང་བ།
ལོ་གཅིག་དང་ལོ་ཕྱེད་རིང་གི“འདུ་ཤེས་གསུམ”གྱི་སློབ་གསོའི་བསམ་བློའི་བཞུན་བརྡར་བརྒྱུད། ངར་མྱོང་ཚོར་ཟབ་མོ་དང་བློ་སྒོ་ཕྱེ་ཐུབ་པ་བྱུང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས“ཚད་གཞི་བཞི”ལག་བསྟར་ཤུགས་ཆེན་བྱེད་པ་དང་། “འདུ་ཤེས་གསུམ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཏང་གཅེས་རྒྱལ་གཅེས་ཆོས་གཅེས་དང་། འགྲོ་ཀུན་བདེ་འཁོད། སྒྲིག་བཀུར་ཁྲིམས་སྲུང་། རྒྱལ་སྐྱོང་འགྲོ་ཕན་བཅས་ཀྱི་བཙུན་མ་ཞིག་ཧུར་ཐག་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཁྲོད་མིག་དཔེ་དང་། དཔེ་སྟོན། དཔེ་མཚོན། ལེགས་སྐྱེས་བཅས་བརྩོན་ལེན་ཧུར་ཐག་བྱས་ཚེ། ད་གཟོད་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་འཕེལ་རྒྱས་ཁྲོད་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་དང་དད་ལྡན་མང་ཚོགས་དང་དུས་རབས་ལ་ངོ་གནོང་མི་དགོས། སླད་ཕྱིན། ང་ཚོས་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་ནུས་པ་ཧུར་ཐག་འདོན་པ་དང་། “རབ་ཏུ་བྱུང་ཡང་རྒྱལ་གཅེས་མི་བརྗེད་པ་དང་། སྒོམ་ལ་བཞུགས་ཀྱང་གཏོང་ཕོད་མི་བརྗེད་པའི”སྲོལ་རྒྱུན་བཟང་པོ་སྣེ་ཁྲིད་དེ་དར་སྤེལ་བཏང་ནས་རྒྱལ་གཅེས་ཁྲིམས་སྲུང་དང་ཁ་ཕྲལ་ལ་ངོ་རྒོལ་གྱིས་སྡིག་ལ་འཛེམས་ཤིང་དགེ་བར་ཕྱོགས་ལ་ཀུན་སྤྱོད་ཡར་ལྡན་དུ་བྱེད་པའི་སྤྱི་དམངས་བཟང་པོ་ཞིག་བྱེད་པ་དང་། “བཀའ་དྲིན་བསམ་པ་དང་། བཀའ་དྲིན་ཚོར་བ། བཀའ་དྲིན་འཇལ་བ། བཀའ་དྲིན་འཆང་བ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་སྣེ་ཁྲིད་དེ་དར་སྤེལ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་གྱི“སྒོམ་སྒྲུབ་ཉམས་ལེན་དང་ཐོས་བསམ་ལ་བརྩོན་པའི”སྲོལ་རྒྱུན་བཟང་པོ་སྣེ་ཁྲིད་དེ་དར་སྤེལ་བཏང་ནས་མཉམ་འདྲེས་གཏིང་ཟབ་ཁྲོད་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ། བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཁྲིམས་སྲུང་གིས་གྲྭ་བཙུན་གྱི་འདུལ་ཁྲིམས་ལས་མི་འགལ་བའི”སྲོལ་རྒྱུན་བཟང་པོ་སྣེ་ཁྲིད་དེ་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོའི་ཁྲོད“མོས་སེམས་ལྔ”ཆེ་རུ་གཏོང་ཐུབ་པ། བོད་བརྒྱུད་ནང་བསྟན་གྱི“དམངས་ཆེད་གསོལ་འདེབས་དང་། ཞི་བདེར་མཆོག་ཏུ་འཛིན་པ། གཏུམ་སྤྱོད་ལ་ངོ་རྒོལ། ཞི་མཐུན་ལ་བསྟོད་པ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་སྣེ་ཁྲིད་དེ་དར་སྤེལ་བཏང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་བ་དང་དགྲར་འཛིན་ཁ་ཕྲལ་ཕྱོགས་གཏོགས་ཀྱི་ཐེ་ཇུས་དང་། སིམ་འཛུལ། གཏོར་བཤིག་བཅས་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།