“ད་ཆ་ཤར་གསིང་མ་གྲོང་རྡལ་ལ་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་བྱུང་སྟེ་མི་དམངས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་སྐྱིད་པའི་དཔལ་ལ་རོལ་བཞིན་ཡོད” ལོ་20ལྷག་ཙམ་གྱི་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་གྱི་ཏང་ཀྲི་པུའི་འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན། གྲོང་མི་ཨུ་ལྷན་མི་རིགས་ཆོས་ལུགས་ཀྱི་ཨུ་ཡོན། རིག་སློབ་འཕྲོད་བསྟེན་གྱི་ཨུ་ཡོན་བཅས་ཡིན་པའི་ལི་ཞི་ཅུན་གྱིས་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ངུ་དེའི་འཕོ་འགྱུར་མིག་མཐོང་ལག་ཟིན་བྱུང་ཡོད།
2023ལོ་ནས་བཟུང་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱིས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དམ་འཛིན་བྱ་གཞིར་བྱས་ཏེ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བར་ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་5666.57ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཡོད། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.3ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་13.9%འཕར་ཡོད། གྲོང་ཚོའི(སྡེ་ཁུལ)མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་245.31ཟིན་པ་དེ་དུས་མཚུངས་ལས་16.7%འཕར་ཡོད། མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་228.18ཟིན་པ་དེ་དུས་མཚུངས་ལས་29.32%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་རྫོང་གྲོང་གི་འཆར་འགོད་ནང་བཅུག་པས། འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན། ལྟ་སྐུལ་ཚོད་འཛིན་བཅས“དྲ་བ་ལྔ”ཕྱོགས་ཡོངས་ནས་ཁྱབ་ཡོད།
གོམ་སྟབས་རྗེས་མར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། གྲོང་མི་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་ཐུབ་པ་བཅས་བྱས་ཏེ་ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཀྱི་ཡིན་ཞེས་གསུངས་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་སངས་ཕན་ཐོགས་དང་གནམ་ཕྱུག་རྒྱལ་གྱིས་ཞུས)