《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月08日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།

ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་འཆར་གཞིའི་སྙན་ཞུ་དང་འཆར་ཟིན་དང་། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་ལ་ཞིབ་བཤེར་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསྟན་ཁོ། རྒྱལ་མཚན། ཝང་ཅུན། ཀྲང་ཡན་ཆིང་། ཞུས་ཁྲེང་ཚང་། འཇམ་དཔལ། ཐང་མིང་དབྱིང་། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་། ལུའོ་མེ། ཀྲང་ཧུང་པོ། ཝང་ཡུང་། ལང་ཧྥུའུ་ཁོན། བསོད་ནམས་ཉི་མ། ཝེ་ཤིའུ་ཁྲང་། ཞུས་ཀྲེ་ཐའོ། ཀུང་ཧུའེ་ཚའེ། བསྟན་པ། ཚེ་རིང་ཕུན་ཚོགས། ཚེ་བརྟན། ཤཱ་ཁེ་ཆིན་སོགས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཁག་སོ་སོར་ཞུགས་པ་རེད།

འཐུས་མི་ཚོགས་པ་ཁག་གི་ཚོགས་རར་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ཏེ། ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ། ཕུགས་འདུན་གླེང་བ་བཅས་གནང་བ་རེད། ཚང་མས་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱབ་པ་དང་། འདས་ཟིན་པའི་ལས་དོན་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་དོན་དངོས་དང་མཐུན་ལ་ཆ་ཚང་བ་ཞིག་ཡོད་པའི་ངོས་འཛིན་གནང་བ་རེད།

འཐུས་མི་ཚོས་2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་རེད། འདི་ལོའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ། མི་སེམས་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མ་འཇོག་བརྟན་པོ་དང་འཛད་སྤྱོད་རྒྱ་ཆེར་གཏོང་བ། ཁེ་ལས་སྐྱེད་སྲིང་དང་ཐོན་ལས་སྟོབས་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་དར་རྒྱས་བཏང་ནས་གྲོང་གསེབ་ལ་སྣེ་ཁྲིད་བྱེད་པ། ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་ནང་གི་སྟོབས་ཤུགས་འཕེལ་བར་བྱེད་པ། བྱ་བ་དངོས་སྒྲུབ་པ་དང་དམངས་འཚོར་ཕན་འདོགས་པ། སྐྱེ་ཁམས་སྲུང་སྐྱོང་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྐྲུན་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། (ལྷག་པ་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)