བོད་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག ས་གོ་ལའི་སྣེ་གསུམ་པ་བཅས་སུ་གྲགས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་གང་ཐུབ་བྱེད་དགོས་ཞེས་ཁ་གསལ་བཏོན་པ་དེ་ནི་བོད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི”ལྡོག་མེད་ཀྱི་བླང་བྱ་ཞིག་རེད།
2023ལོར་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་5ཡོད་པ་དེ་དག་ནི“བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད”དང་། “རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་ལག་ལེན་གསར་གཏོད་རྟེན་གཞི་འཛུགས་གཏོད” “ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར” “རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུའི་ཁོར་ཡུག་བཅས་ཀྱི་སྤུས་ཚད་རྒྱུན་མཐུད་སྔོན་ཐོན་རྒྱུན་འཁྱོངས” “གད་སྙིགས་དང་བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན”བཅས་རེད།
——བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱེད་པའི་ཐད། 2023ལོའི་ཟླ་9པར་གསར་སྐྲུན་དང་ཚོད་སྐོར་དུས་མཚམས་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་བྱེད་པའི་སྙན་ཞུ་ཕུལ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ལ་གཉེར་རྒྱུའི་ཆོག་མཆན་སྤྲད་པ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་རིགས་གཅིག་མཁས་ཅན་མངགས་ནས་བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལ་ལག་རྩལ་གྱི་མཛུབ་ཁྲིད་དང་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད། རང་ལྗོངས་ཀྱི་བྱང་ཐང་ས་ཁོངས་སུ་རང་རྒྱལ་གྱི་ཆེས་དཔེ་མཚོན་ཅན་གྱི་ཐང་རྒོད་སྐྱེ་ཁམས་མ་ལག་དང་དམིགས་བསལ་གྱི་མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཡོད་ལ། གཙོད་དང་འབྲོང་སོགས་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་འཚོ་སྡོད་བྱེད་སའི་གཅིག་སྡུད་ཁུལ་ཡང་ཡིན། བྱང་ཐང་རྒྱལ་ཁབ་སྤྱི་གླིང་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དེ་མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་སྐྲུན་པ་དང་། སྐྱེ་ཁམས་མ་ལག་གལ་ཆེན་དང་དེ་བཞིན་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
——རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་ལག་ལེན་གསར་གཏོད་རྟེན་གཞི་འཛུགས་གཏོད་བྱེད་པའི་ལས་དོན་ཐད། 2017ལོ་ནས་བཟུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་5དང་། རྫོང་དང་ཆུས་9ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་དང་། མིག་སྔར་2023ལོའི་ཁག་བདུན་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་འོས་སྦྱོར་ལས་དོན་ལེགས་སྒྲུབ་བྱས་པ་དང་། གཞིས་རྩེ་དང་ནག་ཆུ་གྲོང་ཁྱེར་དང་། མལ་གྲོ་གུང་དཀར་རྫོང་སོགས་རྫོང་བཞི་འོས་འདེམས་ཀྱི་གྲོང་ཁྱེར་དང་རྫོང་ལ་འོས་སྦྱོར་བྱས་པ། རྫོང་2དང་གྲོང་ཚོ་1ལ“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མིང་བཏགས་པ་དང་། 2023ལོའི་ལོ་འཁོར་གྱི“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་འདེམས་སྒྲུག་འདུན་ཞུའི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། འདམ་གཞུང་དང་། གྲོ་མོ། བྲག་གཡབ་རྫོང་། གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་བཅས་འོས་འདེམས་རྫོང་དང་གྲོང་རྡལ་ལ་འོས་སྦྱོར་བྱས་ཡོད།
——ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཐད། 2023ལོར་ལས་གྲྭར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། སྡོང་ཕྲུག་གསོན་ཚད་85%ཡན་ཟིན་པ། ངལ་ནུས་མི་ཐེངས་ཁྲི་180ལ་སྐུལ་ཁྲིད་ཐུབ་པ། མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་4.5བྱུང་ཡོད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་བོད་ཀྱི་རོང་ཁུལ་གྱི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་སླར་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེ་རེད་ལ། རང་ལྗོངས་ཀྱི་ལོ་རྒྱུས་ཐོག་གི་ཤིང་འཛུགས་ནགས་གསོའི་ལས་གྲྭ་ཆེ་ཤོས་དེའང་རེད། ལས་གྲྭ་ལག་བསྟར་བྱས་པ་དེས་གྲོང་ཁྱེར་གྱི་སྔོ་འགྱུར་བར་མཐོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། གྲོང་ཁྱེར་གྱི་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་འཚོ་གནས་རང་བཞིན་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
——རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུའི་ཁོར་ཡུག་བཅས་ཀྱི་སྤུས་ཚད་རྒྱུན་མཐུད་སྔོན་ཐོན་རྒྱུན་འཁྱོངས་བྱེད་པའི་ཐད། རང་ལྗོངས་ཀྱི་རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
——གད་སྙིགས་དང་བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ཐད། 2023ལོའི་ལོ་འཁོར་ལ་མ་དངུལ་སྒོར་དུང་ཕྱུར་6.66དོན་འཁྱོལ་བྱས་པ་དང་གད་སྙིགས་དང་བཙོག་ཆུ་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་20ལག་བསྟར་བྱས་པ་དེ་དག་གིས་རང་ལྗོངས་ཀྱི་ཁོར་ཡུག་བཅོས་སྐྱོང་སྒྲིག་བཀོད་ཐད་ཀྱི་ཞན་ཆ་རིམ་བཞིན་སེལ་རྒྱུ་རེད།
གཞན་ཡང་རང་ལྗོངས་ཀྱི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་4ཡིས“བསམ་ཇུས་གཅིག”གི་བསམ་བློར་བརྟེན་ནས་ཡར་ཀླུང་གཙང་པོ་སྲུང་སྐྱོང་གི་ཁྲིམས་འཛུགས་མཐུན་སྦྱོར་ལས་དོན་སྤེལ་ཏེ་ཡར་ཀླུང་གཙང་པོ་སྲུང་སྐྱོང་བྱེད་པའི་སྲོལ་ཡིག་སོ་སོར་བཏོན་ཡོད། མཐུན་སྦྱོར་ཁྲིམས་འཛུགས་ཀྱིས“སོ་སོའི་ཁེ་ཕན་ལ་བསམ་བློ་གཏོང་བ་ལས་གཞན་ལ་བསམ་བློ་མི་གཏོང་བའི”བསམ་གཞིགས་བྱེད་སྟངས་རྦད་དེ་དོར་བ་དང་།“རང་གཅིག་པུ་དོ་དམ་དང་། གཞན་སོ་སོ་དོ་དམ། རང་ཉིད་སོ་སོའི་དུམ་བུ་དོ་དམ”བཅས་ཀྱི་སྣང་ཚུལ་མི་ཐོན་པ་བྱས་ཡོད། དེ་ལས་རང་རྒྱལ་གྱི་ས་མཐོའི་ཆུ་བོ་རིང་ཤོས་དང་། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྒྱལ་མཚམས་ལས་སྒྲོལ་བའི་ཆུ་བོ། བོད་ཀྱི་མི་དམངས་ཀྱི“མ་ཡུམ་གཙང་པོ”བཅས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་རྒྱུའི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། དེ་ནི་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ས་གནས་ཀྱི་ཁྲིམས་འཛུགས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཀྱང་རེད།
(ཉི་དོན་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)