འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཀྲང་ཅུན་དང་། ཧན་ཡུས། རྡོ་རྗེ་དགྲ་འདུལ། ལྷག་པ་ཚེ་རིང་སོགས་ཨུ་ཡོན་13གྱིས་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་དང་བོད་ཀྱི་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་ཀྱི་ཐོག་ནས། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། སྤྱི་དབང་མིན་པའི་དཔལ་འབྱོར་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་མཉམ་ལས་ཁང་གི་གདང་རིམ་མཐོ་རུ་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོའི་ཁྲོད་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པ་སོགས་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པ་དང་གླེང་མང་བའི་དཀའ་གནད་དང་གནད་དོན་སོགས་ལ་སྲིད་དོན་ཇུས་འབུལ་དང་ངོས་འཛིན་གཅིག་མཐུན་གནང་ནས་བསམ་འཆར་དང་གྲོས་འགོ་ཡག་པོ་བཏོན་གནང་བ་རེད།
ཀརྨ་ཚེ་བརྟན་དང་། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། རྡོ་རྗེ་ཚེ་སྒྲུབ། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཝང་ཀང་། ཆིའུ་ཧོ་ལིན། ཧྲི་ཧྭ་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་ཨུ་ཡོན་གྱི་གཏམ་བཤད་གསན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
“ཞན་ཆ་གཉིས”ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཚོད་འཛིན་བྱེད་པའི་ཞན་ཆ་མངོན་གསལ་དོད་པོ་ཞིག་རེད། ཨུ་ཡོན་ཀྲང་ཅུན་གྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི“ཞན་ཆ་གཉིས”ཀྱི་བཅུར་འགག་གཏོར་ཏེ། སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཇི་ལྟར་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་སྟེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་ཐག་གཅོད་བྱེད་པའི“གནད་འགག”ལ་དམ་འཛིན་ནན་པོ་བྱེད་པ་དང་། ཐབས་མང་མཉམ་དུ་སྤྱོད་ཤུགས་ཆེ་རུ་བཏང་ནས་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ། ལམ་ལུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བའི“སྐུལ་འདེད་ཡོ་བྱད”འཛུགས་གཏོད་བཅས་བྱེད་དགོས།
དམངས་གཉེར་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རེ་བ་དེ་བས་མཐོ་པོ་བཏོན་ཡོད། ཨུ་ཡོན་ཧན་ཡུས་ཀྱིས་ང་ཚོ་བོད་ཀྱི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་ཚོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ལ་འཁོར་རྒྱུག་དེ་ཙམ་ཚད་ལྡན་མེད་པ་དང་། འཕེལ་རྒྱས་ཀྱི་གཞི་ཁྱོན་ཅུང་ཆུང་བ། ཐོག་མའི་གསོག་འཇོག་མི་འདང་བ། ཚན་རྩལ་གྱི་འདེགས་སྐྱོར་མི་འདང་བ། ཆེད་ལས་ཤེས་ལྡན་མི་སྣ་ཁ་ཐང་བ། རང་བརྟེན་ནུས་པ་ཅུང་ཞན་པ་སོགས་ཀྱི་གནད་དོན་ལྷག་པར་དམིགས་ཏེ་ཨུ་ཡོན་རྡོ་རྗེ་དགྲ་འདུལ་གྱིས་རྩེ་རིམ་ཇུས་འགོད་སྙོམས་སྒྲིག་བྱས་ནས་འཕེལ་རྒྱས་བཟང་པོར་སྐུལ་འདེད་གཏོང་བ་དང་། རིམ་བཞིན་ངོས་འཛིན་ཆེ་རུ་བཏང་ནས་དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་ནས་གཙོ་གནད་ཚད་བརྒལ་བྱེད་པ། སྡེ་ཚན་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་བཟང་པོ་སྐྲུན་པ། གསོ་སྦྱོང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་བརྟེན་ནས་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་གདང་རིམ་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཨུ་ཡོན་ལྷག་པ་ཚེ་རིང་གིས་རྒྱ་ཆེའི་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་འགན་འཁྲི་ཧུར་ཐག་ཁུར་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། སྣེ་ཁྲིད་ནས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ། རང་འཁྲིའི་ལས་ཀའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་དང་། སྲིད་གྲོས་ལས་དོན་ཁྲོད་ཀྱི་བྱེད་པོའི་ནུས་པ། རིགས་ཁོངས་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ་བཅས་ཡག་པོ་བཏོན་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱེ་གསོའི་ཁུར་པོ་ལྕི་བ་དང་བཅོལ་ཉར་ཞབས་འདེགས་ཞུ་ཤུགས་མི་འདང་བ་ནི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་རེད། ཨུ་ཡོན་ཆུས་ཚུའེ་ཕིང་གིས་ས་གནས་རང་བཞིན་གྱི་སྲིད་ཇུས་བཏོན་ནས་སྐྱེ་གསོའི་སྲིད་ཇུས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། གསོ་སྐྱོང་རྒྱབ་སྐྱོར་གྱི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་བྱིས་པ་དང་ཕྲུ་གུ་དམར་འབྱར་གསོ་སྐྱོང་གི་མ་གནས་དམའ་རུ་གཏོང་བ། རྣམ་པ་སྣ་ཚོགས་ཀྱི་ཀུན་ཕན་བཅོལ་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བ། ཐབས་ལམ་མང་པོ་སྤྱད་ནས་བཅོལ་གསོའི་ཞབས་འདེགས་མང་པོ་ཞུ་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
རྒན་རྒོན་འབོར་ཆེན་དུ་འགྱུར་ཤུགས་ཆེ་རུ་འགྲོ་བའི་ཁར། ས་མཐོའི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་གིས་རྐྱེན་པས་ས་མཐོའི་མི་ཚོགས་ལ་རུས་སོབ་ཀྱི་ནད་ཕོག་ཉེན་ཆེན་པོ་ཡོད། ཨུ་ཡོན་ཧོང་ཆི་ཡིས་རུས་སོབ་ཀྱི་ནད་བརྟག་དཔྱད་དང་སྨན་བཅོས་ཀྱི་གསོ་སྦྱོང་དང་རུས་པའི་ཚགས་དམ་ཚད་ཞིབ་དཔྱད་ཚད་ལེན་དང་སྤུས་ཚད་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཀྱི་ལམ་སྲོལ་འཛུགས་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་དང་ཆ་འཕྲིན་ཅན་འཛུགས་སྐྱོང་གི་ལས་སྟེགས་སྤྱི་འདོམས་བྱས་ནས་ས་མཐོའི་རུས་ནད་གསོ་རིག་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རུས་སོབ་ཀྱི་ནད་ལ་དམིགས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་འགོག་བཅོས་ཀྱི་མཉམ་ཤུགས་ཆགས་པ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
གཞན་ཡང་ཨུ་ཡོན་འཇིགས་མེད་ཚེ་རིང་དང་། ཧོང་ཡུང་ཆིང་། ནོར་རྒྱལ། ཡེ་ཧའེ་དབྱིང་། བག་གྲོ སྐལ་བཟང་། བློ་བཟང་བསམ་གཏན་བཅས་སོ་སོས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་དོན་འཁྱོལ་དང་སྲིད་གྲོས་ཀྱི“དཔུང་ཁག་གཉིས”འཛུགས་སྐྱོང་ལ་ཤུགས་སྣོན་སོགས་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
(སྤེན་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)