《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月07日

རང་མཚང་རྗེན་པར་ཕྱུང་བའི་གཏམ།

ཕུན་ཚོགས་བཀྲ་ཤིས།

བཤད་བཤད་སྒྲོབ་ཉམས་སྟོན་མཁས་ང་ཡིན་ཏེ། །

ཆུང་ཆུང་ཐིགས་པའི་ལག་ལེན་ང་ལ་མེད། །

ཡོང་ཡོང་མང་པོའི་ཁས་ལེན་ངས་བྱས་ཏེ། །

ཁྲེལ་ཁྲེལ་དོན་འཁྱོལ་མེད་པ་ང་ཡི་གཤིས། །

དད་དད་གྲོགས་པོའི་ཕྱོགས་ལ་ང་དད་དེ། །

ཐུང་ཐུང་ཨ་གསར་ཆེ་བ་ང་ཡི་ཁམས། །

བྱེད་བྱེད་མང་པོའི་ལས་ཤིག་ང་ཡིས་བརྩམས། །

རིང་རིང་གཞུ་གུ་མེད་པ་ང་ལས་སུ། །

ཤོད་ཤོད་མི་ལའི་རྣམ་ཐར་ང་འདྲ་མེད། །

ཟབ་ཟབ་ཉམས་ལེན་སྐྱོང་ལ་ང་ནི་ཞན། །

རྒྱས་རྒྱས་གནས་ལུགས་ཤོད་ལ་ང་མཁས་ཏེ། །

སྐྱོ་སྐྱོ་སྡུག་དང་འཕྲད་ཚེ་ང་སྐད་ཤོར། །

རིང་རིང་བརྩེ་བའི་ཁ་པར་ངས་བརྒྱབ་ཀྱང་། །

ཉེ་ཉེ་ཡབ་ཡུམ་འཁྲིས་སུ་ངས་མ་བཅར། །

ཆེ་ཆེ་ཕ་མའི་དྲིན་ཆེ་ང་ཡིས་ཟེར། །

བགྲད་བགྲད་མིག་ལོག་བལྟ་བ་ང་ཡི་གཤིས། །

གཤོང་གཤོང་ངོས་ལ་ཆུ་ཆགས་ང་ཡིས་ཟེར། །

མཐོ་མཐོ་ཁེངས་དྲེགས་ཆེ་བ་ང་རང་ཡིན། །

དོ་དོ་ནན་ནན་བྱེད་དགོས་ང་ཡིས་ཟེར། །

ཡབ་ཡོབ་བྱ་བ་འཆུགས་པ་ང་ཡིས་བྱེད། །

རྣོ་རྣོ་ཚིག་རྩུབ་དོན་མེད་ང་ཡིས་ཟེར། །

འཇིགས་འཇིགས་ཕ་རོལ་འཇོམས་འདོད་ང་ཡི་སྲོལ། །

གང་གང་རིག་གནས་ཤེས་མདོག་ང་ཡིས་བྱེད། །

རང་རང་རྒྱུད་དང་མ་སྦྱར་ང་ཡི་སེམས། །

གསལ་གསལ་ཚན་རིག་ལམ་ཞེས་ང་ཡིས་བརྗོད། །

ཐམ་ཐོམ་རྙིང་ཞེན་བག་འཁུམས་ང་རང་ཡིན། །

མཐོ་མཐོ་དཔོན་གནས་ཆོ་མེད་ང་ཡིས་ཟེར། །

ཡང་ཡང་ཡིད་ལ་བཅགས་པ་ང་ཡི་སེམས། །

ཐོབ་ཐོབ་མང་པོས་བསླུས་ཡོང་ང་ཡིས་ཟེར། །

འདོད་འདོད་འཛིན་ཆགས་ཆེ་འདི་ང་ལ་ཡོད། །

འཇམ་འཇམ་གྲོས་ཀྱི་གཞི་མ་ང་ཡིས་ཟེར། །

རྩོད་རྩོད་དོན་ཆུང་རྩོད་ལ་ང་རང་མཁས། །

བཟང་བཟང་བག་ཡོད་བསྟེན་ཞེས་ང་ཡིས་སྨྲས། །

ལྐོག་ལྐོག་སྤྱོད་ངན་སྐྱོང་མཁན་ང་རང་ཡིན། །

བཟོད་བཟོད་དཀའ་སྡུག་བསྲན་ཞེས་ང་ཡིས་གདམས། །

ཞུམ་ཞུམ་སྙིང་སྟོབས་ཞུམ་པ་ང་རང་ལགས། །

གསལ་གསལ་གཞན་སྐྱོན་འདྲུ་ལ་ང་རང་མཁས། །

རང་རང་སྐྱོན་ལྟའི་སྐྱ་གྲིབ་ང་ལ་ཕོག །

ཆུང་ཆུང་བུ་སློབ་སྐྱོང་སྟངས་ངས་ཤེས་ཀྱང་། །

ནན་ནན་ཚ་འདྲིའི་སློབ་ཁྲིད་ང་ཡིས་བྱེད། །

འཕྱོར་འཕྱོར་མཐོང་ན་མཛུབ་མོ་ང་ཡིས་བསྒྲེང་། །

སྐྱོ་སྐྱོ་མཐོང་ཚེ་མཆིལ་ཞགས་ང་ཡིས་འཕེན། །

དཀོན་དཀོན་དལ་འབྱོར་གཙིགས་ཆེ་ང་ཡིས་ཟེར། །

ལང་ལིང་གཡེང་ལ་དགའ་བ་ང་རང་ཉིད། །

མཁས་མཁས་སྐྱེས་བུས་གོ་བསྐོན་ང་ལ་གནང་། །

སྙེམས་སྙེམས་སྤོབས་པའི་རྫ་རི་ང་རང་མཐོ། །

སྙན་སྙན་གཏམ་ཚོགས་སྨྲ་ལ་ང་རང་མཁས། །

དངོས་དངོས་ལག་ལེན་དཀོན་པ་ང་ཡི་གཤིས། །

མཛེས་མཛེས་ཡ་རབས་སྤྱོད་བཟང་ངས་མི་སྐྱོངས། །

རྨོངས་རྨོངས་བླུན་པོའི་ལམ་དུ་ང་ཡིས་ཞུགས། །

བཟང་བཟང་བློ་ལྡན་སྐྱེས་བུར་ང་མི་འདོད། །

འཇོན་འཇོན་དྲེགས་པའི་འགྱིང་ཚུགས་ང་ཡིས་སྟོན། །