གདུལ་བྱའི་ཞིང་ལ་གནས་ལྔ་རིག་པའི་སོན། །
རེ་བ་ཇི་བཞིན་འདོད་རྒུར་འདེབས་མཛད་པ། །
གང་ཞིག་ལྷག་བསམ་གངས་རི་ཤོང་བའི་ཐུགས། །
ཡོན་ཏན་རྒྱ་མཚོ་འཁྱིལ་བའི་བཤེས་གཉེན་མཆོག །
སྙན་འགྱུར་ཁུ་བྱུག་གསུང་དབྱངས་ཐ་མལ་བའི། །
ཐོས་འཛིན་གསོས་སུ་ཡོངས་སྨིན་སྙིང་ཁོང་ལ། །
དགའ་བ་སྐྱེད་བཞིན་ལྔ་རིག་ལང་ཚོའི་རྒྱན། །
ལུས་ལ་འགོས་པའི་བྱམས་བརྩེའི་ཐུགས་མངའ་མཆོག །
གང་གི་མཚན་བཟང་སྒྲ་འཛིན་དབང་པོའི་ཡུལ། །
ཐོས་ཙམ་ཉིད་ལ་བློ་གྲོས་ནམ་ལངས་ཤིང་། །
མ་རིག་རྨོངས་པའི་ཚོགས་ཀུན་བཅོམ་མཛད་པ། །
བདག་སྙིང་དད་པའི་སེང་ཁྲིར་བཞུགས་སུ་གསོལ། །
ཉིན་མོར་བྱེད་པས་ཆུ་སྐྱེས་པད་མོའི་ཁ། །
ལྷུག་པོར་གྲོལ་བ་ཇི་བཞིན་དད་ལྡན་བློ། །
དབྱར་གྱི་མཚོ་མོ་བཞིན་དུ་རྒྱས་མཛད་པ། །
མཐུ་ནུས་སྟོབས་ལྡན་ཁྱོད་ལ་སུ་མི་རེ། །
དེ་ཕྱིར་སྲིད་འདིར་ཁྱོད་ཀྱི་མཚུངས་ཆོས་ལ། །
རིས་མེད་འགྲོ་ལ་འོད་ཞགས་སྙོམས་མཁས་པ། །
ནམ་མཁའི་ནོར་བུ་འཇོག་གི་དེ་ལས་གཞན། །
མིག་ལྡན་ཀུན་གྱིས་བཙལ་ཀྱང་རྙེད་དོགས་མེད། །
འོན་ཀྱང་རྟ་ལྗང་དུས་ཀྱི་གཞན་དབང་དུ། །
འགྱུར་གྱི་ལོ་ཟླའི་ཕྲེང་བར་སློབ་འབངས་རྣམས། །
བརྩེ་ཆེན་ཐུགས་ཀྱིས་སྐྱོང་ལ་མི་ངལ་བ། །
ཁྱོད་ཀྱི་དཔེ་ཟླར་ཁྱོད་ལས་གཞན་མ་མཆིས། །