དེ་རིང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་ལྷན་དུ་འཛོམས་ཏེ། ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ཐུན་མོང་ཐོག་གླེང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་བཟང་ཐུན་མོང་ཐོག་འགོད་འགོ་ཚུགས། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ང་ཚོས་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན།
འདས་མ་ཐག་པའི་2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཆེད་མངགས་འཕྲིན་ཡིག་སྤྲིངས་ནས“2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་ཞུས་པ་མ་ཟད། ད་དུང་བོད་ཀྱི་ལས་དོན་ཐད་མཛུབ་ཁྲིད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་ཡང་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱེད་པ། “འཛུགས་གཏོད་བཞིར”སྐུལ་འདེད་ཏན་ཏིག་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་བྱ་གཞག་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད། དེང་གི་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་ཡོད།
འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་གསར་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། རང་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ། ཐབས་འདོན་ཇུས་འབུལ་གནད་སྨིན་བཅས་བྱེད་རིང་འགན་འཁྲི་གསར་པ་དང་། བྱས་རྗེས་གསར་པ། རྣམ་པ་གསར་པ་བཅས་མངོན་པ་བྱས་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་པས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་ཡར་རྒྱས་གསར་པ་བྱུང་བ་དང་། ནུས་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པར་ཡར་རྒྱས་གསར་པ་བྱུང་བ། ལྟེ་བར་དམིགས་ནས་འགན་འཁྲི་འཁུར་ཕོད་པར་བྱས་པས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ནུས་ལྡན་ཞུ་བར་ཡར་རྒྱས་གསར་པ་བྱུང་བ། དམངས་ཆེད་འགན་འཁྲི་བསྒྲུབས་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱས་པས་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བར་ཡར་རྒྱས་གསར་པ་བྱུང་བ། རྨང་རྩ་གཉིས་བརྟན་གྱིས་བྱང་ཚད་མཐོ་རུ་བཏང་བས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་ཡར་རྒྱས་གསར་པ་བྱུང་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཕྱིར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་བྱས་པའི་འབྲས་བུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཞིབ་ཚགས་བྱས་པའི་འབྲས་བུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྤྱི་ཚོགས་ཕྱོགས་ཁག་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད།
འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ་བཅས་རེད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། འདི་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན་ཡོད་ལ་ཤུགས་རྐྱེན་ཡང་ཟབ་མོ་ལྡན་ཡོད། ལམ་ཆེན་སྲ་ཞིང་བརྟན། འབད་འཐབ་མེ་ལྟར་ཚ། ལོ་གསར་པར་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་གྲོས་མོལ་དམངས་གཙོའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། ནུས་པ་འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན་གྱིས་འགན་སྒྲུབ་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་ནས་རྫོགས་མཐའ་མེད་པའི་འབད་འབུངས་ཀྱི་སྟོབས་ཤུགས་སྔར་བས་གཅིག་ཏུ་སྒྲིལ་དགོས།
མཐུན་སྒྲིལ་བྱས་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད། འབད་འཐབ་བྱས་ནས་བྱ་གཞག་རླབས་ཆེན་གཏོད། འགོ་འཛུགས་ས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ་དང་། འགན་འཁྲི་གསར་པ་ཕྲག་ཏུ་འཁུར་བའི་ཐད་མི་དམངས་སྲིད་གྲོས་ལ་བྱེད་རིན་ཆེན་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། གདེང་ཚོད་བརྟན་པོ་དང་འབད་འབུངས་ཡར་བརྩོན། དཀའ་སྤྱད་སྙིང་རུས་དང་ཞུམ་མེད་མདུན་སྐྱོད། བློ་སེམས་གཅིག་མཐུན་དང་བསམ་སྦྱོར་གཅིག་མཐུན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཕྱིར་ལེའུ་གསར་པ་རྩོམ་དགོས།
ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།(སྤེན་ཚེ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)