《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月05日

གུང་གཞོན་སྡེ་ཚོགས་ཟངས་རི་རྫོང་ཨུ་ཡོན་ལྷན་ཁང་གིས་ན་གཞོན་ལས་བྱེད་པ་དང་ལས་བཟོ་ལྟ་སྐོར་སློབ་སྦྱོང་ལ་མངགས་པ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གུང་གཞོན་སྡེ་ཚོགས་ཟངས་རི་རྫོང་ཨུ་ཡོན་ལྷན་ཁང་གིས་ན་གཞོན་ལས་བྱེད་པ་དང་ལས་བཟོ་ལྷོ་ཁ་གྲོང་ཁྱེར་རྟེན་མཛོད་ཁང་དང་། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ“ཁེ་གསུམ་གྲོང་ཚོ” ཧྭ་གློག་བོད་ལྗོངས་དྭགས་པོ་ཆུ་གློག་ཡན་ལག་ཀུང་སི་བཅས་ལ་ལྟ་སྐོར་དང་སྤེལ་རེས་སློབ་སྦྱོང་ལ་མངགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་གཞོན་ལས་བྱེད་པ་དང་ལས་བཟོ་ཚོས་ལྷོ་ཁ་གྲོང་ཁྱེར་རྟེན་མཛོད་ཁང་གི“བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་འགྲེམས་སྟོན”དང་། “ལྷོ་ཁའི་དམངས་སྲོལ་འགྲེམས་སྟོན” “ལྷོ་ཁའི་ཚད་ལྡན་ཡིག་ཆའི་ཡིག་ཚགས་འགྲེམས་སྟོན” “ལོ་རྒྱུས་འགྲེམས་སྟོན་ཁང”སོགས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཚོམས་ཆེན་དུ་ལྟ་སྐོར་བྱས་ནས། ལྷོ་ཁ་གྲོང་ཁྱེར་གྱི་དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཤེས་རྟོགས་དང་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་ཉམས་ལེན་བྱས་པ་རེད། ལོ་རྒྱུས་ཀྱི་ཡིག་འབྲུ་རེ་རེ་དང་རྩ་ཆེའི་པར་རིས་རེ་རེ་ལས་ལྷོ་ཁ་གྲོང་ཁྱེར་གྱི་ལོ་བཅུ་ཕྲག་རིང་གི་འཕོ་འགྱུར་ཆེན་པོ་ཚོར་ཐུབ་ལ། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ལ་ཡང་དཔང་པོ་བྱེད་ཐུབ། ཁེ་གསུམ་གྲོང་ཚོའི་འགྲེམས་སྟོན་ཁང་དུ“ལོ་རྒྱུས་ཀྱི་འཕོ་འགྱུར། ཁེ་གསུམ་གྱི་སྔོན་ཆད་དང་། ད་ལྟ། མ་འོངས”བཅས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་ལ་ལྟ་སྐོར་བྱས་རྗེས། ཚང་མས་བོད་ལྗོངས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ངོས་འཛིན་ཐུབ་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ཡོང་མི་སྲིད་པའི་ངོས་འཛིན་ཐུབ་སྟེ། ལྟ་སྐོར་བྱེད་མཁན་ཡོངས་ཀྱི་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་རེད། མཇུག་ཏུ་མི་སྣ་ཚང་མས་ཧྭ་གློག་བོད་ལྗོངས་དྭགས་པོ་ཆུ་གློག་ཡན་ལག་ཀུང་སིར་བསྐྱོད་ནས་ཆུ་འཐེན་འཕྲུལ་འཁོར་དང་། གློག་འདོན་འཕྲུལ་འཁོར། ཉ་ལམ་སོགས་ཀྱི་སྒྲིག་ཆས་ལ་ལྟ་སྐོར་བྱས་པ་རེད། ཚང་མས“ཕུགས་བསམ་ཡོད་པ་དང་། འགན་སེམས་ཡོད་པ། དཀའ་སྤྱད་སྡུག་རུས་ཐེག་པ། འབད་བརྩོན་ཐུབ་པ”བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱས་ཏེ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འཐབ་པ་དང་། གསར་འབྱེད་པ། ལེགས་སྐྱེས་འབུལ་མཁན་བཅས་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཟངས་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་འཐབ་འཛིང་པ་སྐལ་བཟང་ནོར་བུས“དུས་རབས་གསར་པའི་ན་གཞོན་ཞིག་གི་ངོས་ནས། ངས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྙིང་སྟོབས་རབ་ཏུ་འཕེལ་བཞིན་ཤེས་དཔལ་དང་། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་ཟངས་རི་གསར་པ་བསྐྲུན་ཆེད། རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།