“ཨ་ཅག་ལགས། ངས་རོགས་པ་བྱས་ཆོག”ཅེས་ལིའུ་ལི་ཡིས་ཉི་ཉི་སྒྲོལ་མའི་སྒལ་པར་འཁུར་བའི་ནས་ཕྱེ་ཚུར་ལེན་བཞིན་དུ་འོ་མ་འདི་དག་ཡིན་གཅིག་འཐུང་དགོས་པའི་མངག་བཅོལ་ཡང་ཡང་བྱས། ད་རེས་ནི་ལིའུ་ལི་ཡིས་ཁེར་སྡོད་རྒན་མོ་ཁོང་ལ་འཚམས་འདྲི་བྱེད་ཐེངས་ལྔ་པ་རེད།
ཕོ་གཞོན་ཁོང་ནི་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ཡོན་ཀྲེན་ཀྲང་གཞོན་པ་ལིའུ་ལི་རེད། ཉི་ཉི་སྒྲོལ་མ་ནི་ཁོང་གི་ལོ་མང་རིང་པོའི་རོགས་སྐྱོར་བྱ་ཡུལ་ཞིག་ཡིན། ད་ཆ་ཁོ་མོ་སྔ་ས་ནས་དབུལ་པོ་ལས་བསྒྲལ་ནའང་ལིའུ་ལི་ཡིས་དུས་ཚོད་ཡོད་རིམ་བཞིན་རྒན་རྒོན་ཁོང་ལ་ལྟ་བར་འགྲོ་གྱི་ཡོད་པ་རེད།
ངར་རབ་གྲོང་རྡལ་དུ་ལིའུ་ལི་ངོ་མི་ཤེས་མཁན་མེད། ལོ་སུམ་ཅུར་སླེབས་ཙམ་ཡིན་ཡང་རྒྱ་ཚ་རྫོང་དུ་ལས་ཀ་བྱས་ནས་ལོ་བཅུ་འགྲོ་ཡི་ཡོད་ལ། ཧུའུ་ནན་གྱི་ཕོ་གཞོན་ཁོང་དང་མང་ཚོགས་དབར་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པ་རེད།
དེ་སྔ《དམག་མིའི་འཕྲལ་རྒོལ》ཞེས་པའི་མུ་འབྲེལ་བརྙན་འཕྲིན་བལྟས་རྗེས་ལིའུ་ལི་ཡིས་དམག་མི་བྱ་རྒྱུའི་སེམས་ཐག་བཅད། ཆབ་མདོར་དམག་མིར་ཞུགས་ནས་ལོ་5སོང་རྗེས་ལིའུ་ལི་ཡིས་སྲིད་ཇུས་དང་ལེན་བྱས་ཏེ་བོད་དུ་སྡོད་རྒྱུའི་གདམ་ག་བྱས་ཤིང་། ཆབ་མདོ་ནས་རྒྱ་ཚ་བར་ལས་ཀ་བྱས་ནས་ལོ་15ཏག་ཏག་སོང་ཡོད།
2013ལོར་ལིའུ་ལི་རྒྱ་ཚ་རྫོང་ལྷ་གསོལ་ཤང་ལ་ལས་བགོས་བརྒྱབ། ལྷ་གསོལ་ཤང་དུ་ཆུ་དཀོན་པོ་ཡོད་པས་ཚང་མའི་འཚོ་བའི་འཐུང་ཆུ་ཡོད་ཚད་རི་ཆུར་བརྟེན་དགོས་ཀྱི་ཡོད་པ་དང་། དུས་ཡུན་རིང་པོ་སོང་ཚེ་ཆུའི་ནང་སྙིགས་རོ་མང་པོ་ཚགས་ཏེ་རི་སྟེང་ནས་འཐེན་པའི་མདོང་ལམ་ཡང་ཡང་འགག་པ་རེད། མདོང་ལམ་འགག་རིམ་བཞིན་ལིའུ་ལི་ཡིས་སྦྱག་མ་དང་འཇོར་སོགས་འཁྱེར་ནས་མདོང་ལམ་གཤོང་བའམ་ཡང་ན་སྒྲིག་ཆས་ལ་སྐོར་ཞིབ་ཡང་ཡང་བྱེད་ཀྱི་ཡོད་པ་རེད། དུས་ཚོད་རིང་པོ་སོང་རྗེས་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་སུ་ཕྱིན་ནས་མདོང་ལམ་གང་དུ་འགག་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་ལ། མདོང་ལམ་འགག་པ་སོགས་ཀྱི་གནས་ཚུལ་ཐོན་སྐབས་ཀྱང་ཚང་མས་ལིའུ་ལི་སྐད་གཏོང་རྐྱང་བྱེད་ཀྱི་ཡོད།
“ཁོང་གིས་མང་ཚོགས་ལ་སུན་སྣང་རྩ་བ་ནས་བྱེད་ཀྱི་མེད་ལ། ལས་ཀའང་འཇོན་པོ་ཡོད”ཅེས་ངར་རབ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཐང་ཡུས་ཧོན་གྱིས་ལིའུ་ལི་ལ་གདེང་འཇོག་བྱས། ལོ་5ཡི་གོང་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཞིག་ལ་སེམས་ཁམས་ཀྱི་ནད་ཕོག་པ་དང་། དཔལ་འབྱོར་ཆ་རྐྱེན་ཞན་ལ་ནང་མི་ཡང་ཐག་རིང་ལ་འགྲོ་མྱོང་མེད་པར་བརྟེན་ཁྲེང་ཏུའུ་རུ་ནད་ལྟ་བར་འཁྲིད་འདོད་ཀྱང་འགྲོ་ཐུབ་མེད།
ལིའུ་ལི་ཡིས་གནས་ཚུལ་དེ་ཤེས་རྗེས། རང་འགུལ་ངང་ཁྲེང་ཏུར་ནད་པ་དེ་སྨན་བཅོས་བྱེད་པར་ཁྲིད་རྒྱུའི་སེམས་ཐག་བཅད། ཁྲེང་ཏུའུ་རུ་སླེབས་མ་ཐག་ལིའུ་ལིས་ཕྱོགས་གཅིག་ནས་སྨན་པ་དང་འབྲེལ་བ་བྱས་ལ། ཕྱོགས་གཞན་ནས་ནང་མིར་སྡོད་གནས་བཀོད་སྒྲིག་བྱས། སྨན་བཅོས་བྱེད་རིང་སྨན་རིན་མ་འདང་ཚེ་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཉིད་ཀྱི་གླ་ཕོགས་ནས་སྤྲོད་ཀྱི་ཡོད། ཟླ་གཅིག་གི་རྗེས་སུ་ནད་པ་དྲག་སྐྱེད་མངོན་གསལ་དོད་པོ་བྱུང་སྟེ། ཁོང་ཚོ་བདེ་མ་ཐང་མར་བོད་དུ་ལོག་ཁྲིད་ཡོང་བ་རེད།
2018ལོའི་ཟླ་6པར། ལིའུ་ལི་ངར་རབ་གྲོང་རྡལ་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ཡོན་དང་ཀྲེན་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་ད་བར་ལོ་ལྔ་ཕྱིན་ཡོད། ལོ་ལྔའི་རིང་ལིའུ་ལི་ཡིས་གྲོང་ཚོའི་འགལ་ཟླ་རྩོད་གཞི་སྣ་ཚོགས་100ལྷག་ཙམ་ཐག་གཅོད་བྱས་ལ། དེ་དག་ཚང་མར་མང་ཚོགས་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་ཡོད། (བསོད་བདེ་གཞོན་པས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)