《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月03日

འབད་འབུངས་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2024ལོའི་ལོ་གསར་གྱི་ཤིས་ཚིག་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

“2023ལོར། ང་ཚོས་རྒྱུན་མཐུད་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱས་ཤིང་། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་པ་དང་། མཛེས་སྡུག་ལྡན་པའི་མདུན་ལམ་མཐོང་ནས། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ཡོད། ཚང་མས་ལོ་དེ་ལས་སླ་པོ་ཞིག་མིན་པ་བློ་ལ་ངེས་ཤིང་། མ་འོངས་པར་ཡང་གདེང་ཚོད་ཀྱིས་ཁེངས་བཞིན་ཡོད”2024ལོའི་ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཤིང་། དྲོ་སྐྱིད་ལྡན་པའི་བཀའ་མོལ་དེ་མི་སེམས་ལ་ལྕག་སྐུལ་ཐེབས་པ་ཞིག་ཡོད་པ་དང་ཐུགས་རེ་ཆེན་པོ་བཅོལ་གནང་བ་དེ་འབད་འབུངས་ཡར་བརྩོན་བྱེད་པར་བསྔགས་སྐུལ་བྱས་པ་ཞིག་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་ཁུར་གཟབ་བཞེས་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། “དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། གསར་གཏོད་ཡར་བརྩོན་དང་ཐུན་མོང་འབད་འཐབ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཐུན་མོང་ཐོག་ཡག་པོ་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

“ཀྲུའུ་ཞི་ཞི་ཅིན་ཕིང་གིས‘ཧ་ཅང་སྲ་ཞིང་བརྟན་པོ’དང་། ‘ཧ་ཅང་ཤུགས་དང་ལྡན་པ’‘ཧ་ཅང་ཉམས་དང་ལྡན་པ’‘ཧ་ཅང་གདེང་ཚོད་ཆེན་པོ’བཅས་ཀྱི་ཐ་སྙད་བཞི་སྤྱད་གནང་ནས་2023ལོར་ཀྲུང་གོས་གོམ་ཞེང་ཆེན་པོས་རྒྱང་ལམ་གསར་པར་བསྐྱོད་པར་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་རབ་དང་རིམ་པར་གསོན་ཉམས་དོད་པོས་ཕྱིར་དྲན་གནང་བ་དེ་ལས། རང་ཉིད་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་སེམས་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་སོང”ཞེས་དང་ལོ་གསར་པའི་ནང་བསྡོམས་རྩིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། “དམངས་ཆེད་བརྟག་དཔྱད་དང་ཁྲིམས་བཀུར་བདེན་གཙོ”ཡི་དུས་རབས་གསར་པའི་རྒྱལ་ཁབ་བརྟག་དཔྱད་རུ་ཁག་གི་སྙིང་སྟོབས་ལག་ལེན་བསྟར་བ། “ས་མཐོའི་རྟ་དམག་ཧྲག་པོ”ཡི་བསྡོམས་རྩིས་བརྟག་དཔྱད་འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་ནས་བོད་ལྗོངས་གསར་པའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་གཏོང་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། བོད་ཀྱི་བསྡོམས་རྩིས་བརྟག་དཔྱད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་ངལ་རྩོལ་ནུས་ཤུགས་བརྟག་དཔྱད་ཁྲུའུ་ཡི་རིམ་གསུམ་ཀྲུའུ་རེན་ཁོའོ་ཡོན་ཐང་ཧྲན་ཧྥེ་ཡིས་བཤད་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

“ཕྲུ་གུ་གསོ་སྐྱོང་དང་སློབ་གསོ་གཏོང་བ་དང་། ན་གཞོན་ལས་ཞུགས་དང་འཇོན་ཐང་ཆེ་རུ་གཏོང་བ། རྒན་རྒོན་ལ་སྨན་བཅོས་དང་རྒན་གསོ་བཅས་ནི་ཁྱིམ་དོན་ཡིན་ལ་རྒྱལ་དོན་ཡང་ཡིན་པས། ཚང་མས་མཉམ་དུ་འབད་འཐབ་བྱས་ནས་དོན་དག་འདི་དག་ཡག་པོ་སྒྲུབ་དགོས”ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་གི་བཀའ་མོལ་དེ་ལས། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྥན་ལིན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། འདས་ཟིན་པའི་ལོ་གཅིག་ནང་བྱམས་མདུན་གྲོང་རྡལ་གྱི་གོང་འོག་ཚང་མས་ནུས་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་མཉམ་སྡེབ་དཔལ་འབྱོར་གྱི་སྟོང་ཆ་གྲོང་ཚོ་དང་ཁོག་སྟོང་གྲོང་ཚོའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཤིང་། ད་ཆ་བཟོ་ལས་རྣམ་པ་དང་། ཚོང་ལས་རྣམ་པ། ལས་གྲྭ་རྣམ་པ། གསོ་ཚགས་རྣམ་པ། “ས་གྲོལ་རྣམ་པ” མ་འཇོག་རྐང་ཞུགས་རྣམ་པ་བཅས་རིགས་6གི་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་24རིམ་བཞིན་ཆགས་ནས་མཉམ་སྡེབ་དཔལ་འབྱོར་གྱི་ལོའི་ཁེ་སྤོགས་སྒོར་ཁྲི་150ཟིན་པ་དང་། གྲོང་རྡལ(གྲོང་ཚོ)གྱི་སྲོལ་རྒྱུན་གྱི་རྣམ་པ་དང་ལོ་རྒྱུས་ཀྱི་ཉམས་འགྱུར་ལ་སྲུང་སྐྱོང་བྱེད་པ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ལ་བརྩིས་ཤིང་། བྱམས་མདུན་གྲོང་རྡལ་དང་བྱམས་མདུན་གྲོང་རྡལ་གྱི་ར་ཟད་གྲོང་ཚོ་གཉིས་པོ་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་དང་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་ལ་སོ་སོར་བདམས་པ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་བྱ་ཐབས་ཁག་བཅུ་ཆད་ལུས་མེད་པར་ལག་བསྟར་བྱས་པ་དང་སྤྱི་ཚོགས་འགན་སྲུང་དང་། སྤྱི་ཚོགས་རྒུད་སྐྱོབ། སྤྱི་ཚོགས་གཟིགས་སྐྱོང་སོགས་སྲིད་ཇུས་ཁག་གནད་ལ་འཁེལ་པོས་དོན་འཁྱོལ་བྱས་ཏེ། དམངས་འཚོར་ཕན་འདོགས་པ་དང་། དམངས་ལ་དྲོ་སྐྱིད་སྦྱིན་པ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་དག་མང་ཚོགས་ཀྱི་བློ་ལ་དངོས་འབྲེལ་བབས་པར་བསྒྲུབས་ཡོད།

“2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་ཆབ་མདོས་དེང་རབས་ཅན་གྱི་ཁུལ་ཁོངས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། བྲག་གཡབ་རྫོང་གིས་དེང་རབས་ཅན་ཕྱོགས་སུ་སྐྱོད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འགོ་འཛུགས་ས་གསར་པ་ནས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མང་ཚོགས་ཀྱི་རེ་སྒུག་དང་བསྟུན་པ་དང་། ལས་གཏོད་ཀྱི་རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་བསྐྱོད་པ། འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་བྱེད་ཀྱི་ཡིན་ལ། དད་སེམས་ལ་བརྟེན་ནས་མདུན་ལམ་གསལ་བ་དང་འབད་འཐབ་ལ་བརྟེན་ནས་འབྱུང་འགྱུར་གཏོད་ཀྱི་ཡིན”ཞེས་ཧྥན་ལིན་གྱིས་བཤད་པ་རེད།

“ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་གྱི་ཤིས་ཚིག་ནང་གི་ཟོལ་མེད་གཞུང་དྲང་གི་བཀའ་མོལ་དག་དགུན་དུས་སུ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དཀའ་སྤྱད་འབད་བརྩོན་ལ་སྐུལ་མ་གཏོང་བ་ལྟར་སྣང”ཞེས་དང་། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་གོང་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤུགས་ཆེའི་མཛུབ་ཁྲིད་འོག སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”གང་ལེགས་སྤྱད་དེ། ཁྱིམ་ཚང་གི་རྩོད་གཞི་དང་འགལ་བ་སྣ་ཚོགས་ཁག་42བསལ་བ་དང་བུད་མེད་མང་ཚོགས་72ལ་བཅའ་ཁྲིམས་བློ་འདྲིའི་ཞབས་འདེགས་ཞུས་ནས་འགལ་བ་དང་རྩོད་གཞི་གོང་ཞུ་བྱེད་མི་དགོས་པར་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་དང་། “བུད་མེད་མིང་ཅན”ཁེ་ལས་ཀྱི་ཐོན་རྫས་འགྲེམས་ཚོགས། “གཅེན་མོ་ལུང་མཚོའི་ཁྱིམ་ཆུང་བཙུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི‘མཐའ་མའི་འགག་གནད’སེལ་བ”སོགས་ཀྱི་གཙོ་གནད་ལས་དོན་ཁག་ལེགས་པར་བསྒྲུབས་ཡོད་ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧྥུང་ཝུའེ་ཡིས་བཤད་པ་རེད།

“ལོ་གསར་པ་དང་། རྒྱང་ལམ་གསར་པ། རེ་བ་གསར་པ། ང་ཚོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་མདུན་སྐྱོད་ཀྱིས་བུད་མེད་དང་བྱིས་པའི་ལས་དོན་ཏན་ཏིག་སྒྲུབ་པ་དང་། བུད་མེད་དང་བྱིས་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད། ཐོག་མཐའ་བར་གསུམ་དུ་བུད་མེད་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ། གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་དང་། བུད་མེད་ཀྱིས་བྱས་རྗེས་འཇོག་པའི་བྱ་སྤྱོད། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་། ‘གཅེན་མོ་ལུང་མཚོའི’དམངས་ལ་ཞབས་འདེགས་ཞུ་བའི་རྣམ་གྲངས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ། དེ་བས་འགན་འཁུར་བ་དང་དེ་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་བུད་མེད་མང་ཚོགས་ལ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་ཆེད་ང་ཚོ་བུད་མེད་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཀྲང་ཧྥུང་ཝུའེ་ཡིས་བཤད་པ་རེད།(སྤེན་ཚེ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)