《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月03日

ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་པའེ་ཀྲེན་གྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་པ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་དང་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད། ལོ་45ཡི་རིང་། ཀྲུང་ཨའི་འབྲེལ་བ་དྲག་ཆར་རླུང་འཚུབ་བརྒྱུད་སྤྱིའི་ཆ་ནས་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་སྐུལ་མ་ཐེབས་ཡོད། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱེད་པ་དེ་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་མཉམ་གནས་ཀྱི་ལམ་བུ་ཡང་དག་ཅིག་ཡིན་པ་དང་དེ་ཉིད་དུས་སྐབས་གསར་པའི་ཀྲུང་ཨ་ཕྱོགས་གཉིས་པོས་མཉམ་དུ་འབད་འཐབ་བྱེད་པའི་ཁ་ཕྱོགས་སུ་འགྱུར་ངེས་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་བྱས་ཟིན་ལ་མུ་མཐུད་ར་སྤྲོད་གང་ལེགས་བྱེད་ངེས་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ང་དང་ཙུང་ཐུང་པའེ་ཀྲེན་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ནས་འབྱུང་འགྱུར་ལ་ཁ་ཕྱོགས་པའི“ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”བཏོད་དེ། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་བསྟན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བཞག་པའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ངས་ཙུང་ཐུང་པའེ་ཀྲེན་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ཨའི་འབྲེལ་བའི་ཁ་སྒྱུར་ཕྱོགས་སྟོན་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མ་ཟད། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

པའེ་ཀྲེན་གྱི་རྟེན་འབྲེལ་འཕྲིན་ཡིག་ནང་། 1979ལོར་ཕྱི་འབྲེལ་བཙུགས་ཚུན། ཨ་ཀྲུང་དབར་གྱི་འབྲེལ་བས་ཨ་རི་དང་། ཀྲུང་གོ འཛམ་གླིང་ཡོངས་བཅས་ཀྱི་དར་རྒྱས་དང་གོ་སྐབས་ལ་སྐུལ་མ་ཐེབས་ཡོད། ངས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འབྲེལ་བ་གལ་ཆེན་དེར་དོ་དམ་བྱེད་པར་ཤུགས་རྒྱག་གི་ཡིན། ངས་ང་ཚོའི་ལས་ཐོག་སྔ་མ་རྣམས་དང་དེ་བཞིན་ང་ཚོའི་ཞལ་འཛོམས་དང་གྲོས་བསྡུར་ཐེངས་མང་ལ་གྲུབ་འབྲས་ཐོབ་པའི་རྨང་གཞིའི་སྟེང་ཨ་ཀྲུང་འབྲེལ་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།