དེ་སྔ་རྫོང་གྲོང་དུ་སྐྱོད་པར་ཉིན་གང་འགོར་ནའང་ད་ཆ་རླངས་འཁོར་ལ་བསྡད་ན་སྐར་མ་40ལས་མི་འགོར་བ།
2013ལོར་སྤོ་བོ་ནས་མེ་ཏོག་བར་གྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་ལས་རང་རྒྱལ་གྱི་གཞུང་ལམ་ཤར་གཏོང་ཐུབ་མཇུག་ཤོས་ཀྱི་རྫོང་ཞིག་ཡིན་པའི་མེ་ཏོག་ཏུ་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་བུ་དང་འཕེལ་རྒྱས་མཉམ་སྤྱོད་ཀྱི་བདེ་སྐྱིད་ལམ་བུ་ཡོད།
གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་སོང་ཞིང་། ད་ཆའི་མེ་ཏོག་གི་རྣམ་པ་གང་འདྲ་ཡོད་དམ། དེའི་ཐད་ཉེ་ཆར་གསར་འགོད་པས་བཅར་འདྲིར་བསྐྱོད་པ་ཡིན།
གཟའ་མཇུག་ཏུ་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་མེ་ཏོག་གི་ཤང་གྲོང་ལམ་བུར་སྐྱོད་བཞིན་ཡོད་པ་དང་། རླངས་འཁོར་ནང་ཕྲུ་གུ་ཚོའི་དགའ་སྤྲོའི་དགོད་སྒྲས་ཁེངས། ཁོ་ཚོ་རྫོང་གྲོང་གི་སློབ་གྲྭ་ནས་རང་ཁྱིམ་གནས་ཡུལ་གྱི་ཤང་དང་གྲོང་རྡལ་དུ་ལོག་བཞིན་ཡོད།
“མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་ཐུབ་རྗེས་ས་ཆ་གཞན་ནས་རྫོང་གྲོང་དུ་སྐྱོད་བདེ་རུ་ཕྱིན་མོད། འོན་ཀྱང་ཤང་གྲོང་ཁག་ནས་རྫོང་གྲོང་བར་གྱི་ལམ་བུར་སྐྱོད་བདེ་པོ་མེད”ཅེས་འགྲུལ་སྐྱེལ་ཀུང་སིར་ལས་ཀ་བྱེད་བཞིན་པའི་ཚེ་རིང་དབྱངས་སྒྲོལ་གྱིས་བརྗོད་པ་དང་། ལོ་བདུན་བརྒྱད་གོང་ཁོ་མོའི་ཨ་ཁུ་ཤང་ནས་རྫོང་གྲོང་དུ་སྐྱོད་སྐབས་རྡོག་ཁྲེས་མིའི་སྒལ་པར་འཁྱེར་བ་དང་རྟས་དབོར་དགོས་པ་དང་། ད་དུང་ཉིན་གང་འགྲོ་དགོས་པ་ད་ལྟ་ཡང་ཁོ་མོས་གསལ་པོར་དྲན་གྱི་ཡོད།
ད་ཆ་འདི་ལྟར་མིན་ཞིང་། ཚེ་རིང་དབྱངས་སྒྲོལ་གྱིས། ལམ་ཐག་གཅིག་པ་ཡིན་ཡང་སྐར་མ་40ལས་འགོར་གྱི་མེད། སྒེར་འཁོར་མང་དུ་ཕྱིན་པ་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཡང་སྟབས་བདེ་པོ་འདུག མེ་ཏོག་རྫོང་ཡོངས་སུ་ཤང་བདུན་དང་གྲོང་རྡལ་གཅིག་ཡོད་པ་དང་། མིག་སྔར་ཤང་དྲུག་དང་གྲོང་རྡལ་གཅིག་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། རྫོང་ནས་གྲོང་ཁྱེར་བར་གྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཉིན་ལྟར་གཏན་འཁེལ་གྱི་དུས་ཚོད་ནང་གཏོང་གི་ཡོད་པ་དང་དུས་གཏན་རླངས་འཁོར་ཐེངས་གྲངས་སྟབས་བསྟུན་ངང་མང་དུ་དང་ཉུང་དུ་གཏོང་གི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
འདི་ནི་2017ལོ་ནས་2020ལོ་བར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་12ཙམ་བཏང་ནས་སྤོ་བོ་ནས་མེ་ཏོག་བར་གྱི་གཞུང་ལམ་ཉམས་གསོ་བསྐྱར་སྐྲུན་བྱས་པ་དང་འབྲེལ། མེ་ཏོག་རྫོང་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ལ་ཚད་ལྡན་ཅན་གྱི་སྒྱུར་བཀོད་བྱས་པ་ལས་གཞུང་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད།
ད་ཆ། རྫོང་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་འབོར་ལོ་བཅུའི་གོང་གི་སྤྱི་ལེ་268.64ནས་སྤྱི་ལེ་579.54བར་རིང་དུ་ཕྱིན་པ་དང་། ཤང་དང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ནས་གྲོང་གསེབ་ཀྱི་གཞུང་ལམ་ལ་རིམ་བཞིའི་ཤར་བགྲོད་ཆ་རྐྱེན་སྤྱིར་ན་འཛོམས་ཡོད། སྲིད་འཛིན་གྲོང་ཚོ་29ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་64.4%ཟིན་ཡོད།
ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་ཞིང་ལས་ཐོན་རྫས་རི་ཁུག་ནས་འཚོང་ཐུབ་པ།
ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་ཕྱིན་པ་དང་རིམ་སྤོར་ཐུབ་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་34.8ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་2.24བྱུང་བ་དང་། དེའི་ནང་ཞིང་འབྲོག་པ་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པའི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་1384.22ཟིན་ཡོད།
འགྲིམ་འགྲུལ་སྟབས་བདེ་བས་ཡུལ་སྐོར་བ་མང་པོ་དེ་གར་ཡོང་རྒྱུའི་ཡིད་དབང་འཕྲོག་པ་མ་ཟད། ད་དུང་མེ་ཏོག་གི་ཞིང་ལས་ཐོན་རྫས་ཀྱང་རི་ཁུག་ནས་ཕྱིར་ཚོང་ཐུབ་ཡོད། ཡུལ་མི་ཁྲེན་ལགས་ཀྱིས་དགྱེ་གླིང་གྲོང་ཚོར་ཞིང་ལས་ཐོན་རྫས་ཀུང་སི་ཞིག་བཙུགས་ནས་ས་གནས་དེ་གའི་གྲོང་ཚོའི་མཉམ་སྡེབ་དང་མཉམ་དུ“གྲོང་ཚོ་དང་ཁེ་ལས་མཉམ་ལས”ཀྱི་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་བཏང་བ་དང་སྤུས་རྟགས་ཐོ་འགོད་བྱས་ཏེ། ཇ་ལོ་དང་། འབྲས་དམར། ཀོ་ཤ། སྦྲང་རྩི། མོག་རོ་སོགས་ཉོ་སྒྲུབ་དང་། ལས་སྣོན། ཐུམ་རྒྱག་བཅས་བྱས་ཏེ་ས་གནས་ཁག་ལ་འཚོང་གི་ཡོད།
འདི་ལོ། སྔོན་དཔག་བྱས་ན། ཁེ་ལས་འདིས་དགྱེ་གླིང་གྲོང་ཚོར་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་གསོག་ཐུབ་པ་དང་། ཡུལ་མི་ཡང་ཇ་ཞིང་གཉེར་སྐྱོང་དང་ཁྱད་ལྡན་ཐོན་རྫས་མཁོ་སྤྲོད་སོགས་ལ་ཞུགས་ནས་ཡོང་འབབ་མང་དུ་འགྲོ་གི་ཡོད། ཡུལ་མི་ཁྲེན་ལགས་ཀྱིས“མེ་ཏོག་གི་འགྲིམ་འགྲུལ་ལེགས་སུ་རྒྱུན་ཆད་མེད་པར་ཕྱིན་པ་དང་བསྟུན་ནས་ངའི་མ་འཇོག་ལས་གཏོད་ཀྱི་གདེང་ཚོད་དེ་བས་བརྟན་དུ་ཕྱིན་སོང”ཞེས་བརྗོད།
ཕྱི་ཕྱོགས་དང་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་ནས་མེ་ཏོག་གི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། ཧྥུའུ་ཡུང་པོས་ངོ་སྤྲོད་བྱས་དོན། མེ་ཏོག་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2012ལོའི་སྒོར་དུང་ཕྱུར་2.6ནས་2022ལོའི་སྒོར་དུང་ཕྱུར་7.9བར་འཕར་ཡོད། འགྲིམ་འགྲུལ་འཕེལ་རྒྱས་ཕྱིན་པར་བརྟེན་ནས་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲོམ་རར་བཏོན་པར་ཇ་ལོ་དང་ནགས་གསེབ་ཐོན་ཁུངས་སྣ་ཚོགས་ན་ནིང་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་900ལྷག་ཙམ་ཟིན་ཡོད། དེའི་སྣེ་ཁྲིད་འོག་ཉེ་བའི་ལོ་གཉིས་རིང་ས་གནས་དེ་གའི་མང་ཚོགས་ལ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་1600ལྷག་ཙམ་འཕར་སྣོན་བྱུང་ཡོད།
སྡོད་གནས་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་གཤམ་སྐྱོད་སྨན་བཅོས་དེ་བས་སྟབས་བདེ་བ།
རི་ཁུག་ཏུ་གཞུང་ལམ་ཤར་གཏོང་ཐུབ་ནས་མེ་ཏོག་གི་རྣམ་པ་ལེགས་སུ་ཕྱིན་ཡོད།
འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤིན་ཧྲེང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མེ་ཏོག་བ་ཞིག་ཡིན་ཞིང་། ཁོང་གིས“གཞུང་ལམ་ཤར་གཏོང་མ་ཐུབ་གོང་ང་ཚོར་སྡོད་སའི་ཁང་པ་ངོ་དྲག་པ་ཞིག་ཀྱང་མེད། རྒྱལ་ཁབ་ཀྱིས་ང་ཚོར་ཁང་པ་སྐྲུན་དགོས་བསམས་ཀྱང་ལམ་ཡག་པོ་མེད་པས་འཛུགས་སྐྲུན་རྒྱུ་ཆ་དབོར་ཐབས་བྲལ་ཡོད”ཅེས་བརྗོད།
སྤོ་བོ་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་འཛུགས་སྐྲུན་དངོས་ཟོག་རྒྱུན་ཆད་མེད་པར་ཡར་ཀླུང་གཙང་པོའི་རོང་ཆེན་དུ་དབོར་ཡོད། ད་ཆ་མེ་ཏོག་རྫོང་དུ་སྔ་རྗེས་སུ་གློག་དང་། དྲ་བ། བརྙན་འཕྲིན། རླུང་འཕྲིན། སྒུལ་བདེའི་བརྡ་རྟགས། དྲ་སྦྲེལ་བཅས་ཤར་གཏོང་ཐུབ་ནས་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་100%ཟིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
2021ལོར། སྤ་སྟེང་གྲོང་ཚོ་རི་སྟེང་ནས་རི་འདབས་གྲོང་གསར་དུ་སྤོས་ཏེ། ཡུལ་མི་ཚོ་གསར་དུ་བསྐྲུན་པའི་ཁང་པ་ཉིས་ཐོག་ནང་སྡོད་རྒྱུ་བྱུང་ཞིང་། ཁང་པའི་ནང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བ་དང་རང་འབབ་ཆུ་ཀ་ལ་ཡང་ཡོད།
ཞོགས་པ་མེ་ཏོག་རྫོང་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གི་སྨན་པ་འཇམ་དབྱངས་རྡོག་ཐོན་གྱིས་མང་ཚོགས་ལ་གཤམ་སྐྱོད་འོས་འགན་སྨན་བཅོས་བྱེད་པར་བསྐྱོད། སྔོན་ཆད་མང་ཚོགས་རི་ཁུག་ཏུ་སྡོད་ཀྱི་ཡོད་པས་སྨན་པ་བསྟེན་དཀའ་བ་དང་སྨན་པ་ཡང་གཤམ་སྐྱོད་སྨན་བཅོས་ཞབས་འདེགས་ཞུ་བར་སྐྱོད་ཁག་པོ་ཡོད། ད་ཆ་སྒོ་རྩར་སྨན་བཅོས་བྱེད་པ་དེ་རྒྱུན་གཏན་དུ་གྱུར་པ་མ་ཟད། སྨན་པ་ཡང་ཉིན་དེ་རང་ལ་རང་ཁྱིམ་དུ་ལོག་ཐུབ་ཀྱི་ཡོད། ཤང་གྲོང་དུ་འབྱོར་རྗེས་འཇམ་དབྱངས་ཀྱིས་བྱང་ཆུབ་པོས་ཁྲག་ཤེད་ལྟ་བ་དང་ཁྲག་མངར་བརྟག་དཔྱད་བྱེད་པ་སོགས་མང་ཚོགས་ལ་བདེ་ཐང་བརྟག་དཔྱད་བྱས་ནས་དགོས་མཁོ་ལྟར་སྨན་སྤྲོད་ཀྱི་ཡོད།
འདི་ལོའི་ཟླ་དགུ་པ་ཚུན། མེ་ཏོག་རྫོང་མི་དམངས་སྨན་ཁང་གིས་གཤམ་དུ་སྨན་པ་མངགས་ནས་མང་ཚོགས་ལ་འོས་འགན་ནད་བརྟག་སྨན་བཅོས་དང་བདེ་ཐང་སྐོར་གྱི་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། སྨན་རྫས་རིགས་57དང་དྲིལ་བསྒྲགས་ལག་དེབ་146སྤྲད་པས་མང་ཚོགས་448ལ་ཕན་པ་ཐོབ་ཡོད།
འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས་ཐོན་ལས་དེ་བས་དར་རྒྱས་བྱུང་བ་དང་དམངས་འཚོར་འགན་ལེན་ཐུབ་ནས། མེ་ཏོག་གི་མང་ཚོགས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་རེ་བས་ཁེངས་ཡོད།