《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月02日

ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཞིག་ཡིན་པ་དང་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ནས་ཏང་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་བསྐྲུན་ཚེ་གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རླུང་བརྟེན་རླབས་གཤགས་དང་བརྟན་བགྲོད་རྒྱང་འཁྱོལ་འགན་ལེན་བྱེད་ཐུབ”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་སུ་མཐའ་འཁྱོངས་བྱེད་པ། ལས་ཀའི་བསམ་ཕྱོགས་ཟམ་མི་ཆད་པར་གསར་གཏོད། དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་དང་། གདེང་ཚོད་བརྟན་པོ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལས་ངར་སེམས་ཆེར་བསྐྱེད་དང་འབད་བརྩོན་ལྷོད་མེད་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་བརྩམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཆབ་སྲིད་སློབ་སྟོན་པ་ཞུའེ་ཞའོ་ཅན་གྱིས“ལས་ཀའི་ཁྲོད་ང་ཚོས་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་དཔུང་ཁག་གི་རང་འགན་ཐེག་པ་འཁུར་ལེན་ལ་གཞི་ཚུགས་ནས་ཐོག་མཐའ་བར་གསུམ་དུ‘ཏང་འཛུགས་སྐྱོང་གིས་བཅོས་སྐྱོང་ལ་ཁྲིད་སྟོན’མཐའ་འཁྱོངས་བྱས་ཏེ་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་གྱིས་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ལས་སྒོར་བྱང་ཆུབ་པ་དང་། གནས་ཚུལ་ལ་རྒྱུས་མངའ་ཆེ་བ། ཆེད་ལས་ལ་མཁས་ཤིང་འཇོན་ཐང་ཆེ་བའི‘འགན་འཁུར་རྩེ་གྲ་དང་། བྱང་ཚད་རྩེ་གྲ ལས་རྗེས་རྩེ་གྲ’བཅས་ཀྱི་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་དཔུང་ཁག་ཏན་ཏིག་བཏོད་དེ་ཏང་སྲིད་དམག་ཉེན་དམངས་ཀྱིས་ནུས་པ་མཉམ་དུ་བཏོན་ནས་མཐའ་སྟོབས་མཐའ་བརྟན་གྱི་བཀོད་པ་གསར་པ་ཕྱོགས་ཡོངས་ནས་བསྐྲུན་དགོས’ཞེས་བཤད་པ་རེད།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་ཏང་ཨུད་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལི་ཀྲའོ་ཤིན་གྱིས“ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་ཡོངས་ཀྱི་བྱ་གཞག་ཁག་གི‘རྩ་གནད’དང‘བླ་སྲོག’རེད། ཏང་ཡོན་དང་ལས་བྱེད་པ་ཞིག་གི་ངོས་ནས་ངས་ཁྲོམ་གཞུང་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་དང་ལས་བྱེད་པས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུར་སློབ་གསོ་རྒྱག་པ་དང་ཆབས་ཅིག ཏང་ནང་གི་ཆབ་སྲིད་འཚོ་བ་དོན་འཁྱོལ་ནན་པོ་བྱས་ནས་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་སོགས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས”ཞེས་བཤད་པ་རེད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷོ་བྲག་རྫོང་ཁྲལ་དོན་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་ཉི་མ་གཡུ་སྒྲོན་གྱིས་རྒྱུན་གཏན་གྱི་ལས་ཀའི་ནང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་ཁྲལ་འཇལ་བ་དང་གྲོན་དངུལ་འཇལ་བའི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་། དམངས་ཕན་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ། ལྷུ་ཚིགས་ཧྲིལ་པོར་སྲིད་འཛིན་གྱི་ལས་ཕྱོད་རྒྱུན་མཐུད་ཆེ་རུ་གཏོང་བ། གཉེར་སྐྱོང་བྱེད་པོ་ཁག་གིས་ཁེ་སྤོགས་ལོངས་སྤྱོད་གང་ཐུབ་དང་། ཡིད་ཆེས་འཕེལ་བ། གསོན་ཤུགས་འཕེལ་བ། ཡང་ཆས་སྤྲོས་པ་བཅས་བྱེད་པར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

“བློ་མཐུན་མའོ་ཙེ་ཏུང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་ནི་ང་ཚོ་ནམ་ཡང་མུ་མཐུད་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་རེད། དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཞིག་ཡིན་པའི་ང་ཚོས་རླབས་ཆེན་མི་སྣའི་སྙིང་སྟོབས་རླབས་པོ་ཆེ་ཁྲིད་སྟོན་དུ་བྱས་ཏེ་སྟོབས་ཤུགས་བསྡུ་ལེན་གྱིས་དམངས་ཆེད་ཁྲིམས་འཛིན་ནན་ཏན་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་ནས་དཀའ་སྤྱད་དངོས་སྒྲུབ་དང་སེམས་ནུས་ཡོད་རྒུས་ཁྲིམས་སྐྱོང་མངའ་རིས་འཛུགས་སྐྲུན་ནང་ཞུགས་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་བྱེད་དགོས”ཞེས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་བསྟན་པས་བཤད། (བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)