《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年01月01日

2024ལོའི་ལོ་གསར་གྱི་ཤིས་ཚིག

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཝང་ཅུན་ཀྲེང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི། ཡན་ཅིན་ཧའེ།

ལོ་རྙིང་ཕར་ལ་བསྐྱལ་ཞིང་ལོ་གསར་ཚུར་ལ་བསུ་བའི་དུས་བཟང་འདིར་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་དང་། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། དར་རྒྱས་གོང་འཕེལ་བཅས་ལ་ལེགས་སྐྱེས་འབུལ་མཁན་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས། བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་གི་ཡིན།

2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་ཆེད་མངགས་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་མ་ཟད། བོད་ཀྱི་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་སྟོབས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ། “འཛུགས་གཏོད་བཞིར”སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པར་བརྟེན་བོད་ཀྱི་ལས་དོན་ཁག་ལ་ཡར་རྒྱས་གསར་པ་འཐོབ་པ་མ་ཟད། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་9%ཡས་མས་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6ལས་བརྒལ་བ། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡན་འཕར་བ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མིག་སྔར་བོད་འདི་ཉིད་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་སྤྱི་ཚོགས་ཧྲིལ་པོར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་འབད་འཐབ་ཀྱི་ཁ་ཕྱོགས་སུ་བརྩི་བ་མཐའ་འཁྱོངས་དང་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་དང་། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་སྤེལ་བ་དང་གཞི་རིམ་དུ་སྤེལ་བ། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ཞིབ་བཤེར་ས་ཚུགས་སུ“འབྲེལ་གཏུགས་བྱེད་མི་དགོས་པ་དང་། བརྙན་ལམ་ནས་བཤེར་བ། མགྱོགས་མྱུར་སྐྱོད་ཐུབ་པ”བཅས་མངོན་འགྱུར་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་པ། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་ཕྱིན་པ་བཅས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་འགན་ཨང་དང་པོར་བརྩི་བ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་པ་དང་། མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་བསྒྲུབས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྣམ་པ་གསར་པ་མངོན་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་མི་སེམས་སུ་གཏིང་ཟབ་ཟུག་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་ཕྱིན་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།

ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལས་འགན་གལ་ཆེན་དུ་བརྩི་བ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་གཞིགས་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་པ། ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་བདེ་བླག་ངང་བསྐྲུན་པར་སྐུལ་མ་ཐེབས་པ། རིག་གནས་ཡུལ་སྐོར་དང་། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། མཐོ་གསར་གྲངས་འཛིན་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། ཕྱི་ཕྱོགས་སྒོ་དབྱེའི་ཐད་གོམ་སྟབས་བརྟན་པོ་སྤོས་པ། བར་སྐོར་ཁྲོམ་གཞུང་དུ་ཡུལ་སྐོར་བས་ཁེངས་པ། ཐོན་སྐྱེད་འཁོར་ཁང་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ། བོད་གློག་ཕྱིར་གཏོང་ལ་སླར་ཡང་ཟིན་ཐོ་གསར་པ་བཏོད་པ། “བོད་ཀྱི་བྲོ་བའི”ཞིམ་ཟས་ཁྲོམ་གཞུང་གི་ཚོང་ལེགས་པ། སྐྱིད་གྲོང་སོགས་འགག་སྒོ་ནས་འགྲུལ་པ་དང་དངོས་ཟོག་འགག་སྒྲོལ་ལས་བྲེལ་ཆེ་བ་བཅས་གནའ་བོའི་མཚོ་བོད་ས་མཐོར་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་ཐོན་ཡོད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ནང་གནས་ཀྱི་བླང་བྱར་བརྩི་བ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། “རི་གཉིས”ཀྱི་འདུ་ཤེས་ལག་བསྟར་ཤུགས་ཆེན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་ཏན། གཞིས་རྩེ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་དཔེ་སྟོན་ཁུལ་བཞི་གསར་དུ་བསྐྲུན་པ། ས་ཁུལ(གྲོང་ཁྱེར)བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ཀྱི་དམིགས་ཚད་ལོ་གཉིས་སྔ་སྣུར་དུ་མངོན་འགྱུར་བྱུང་བ། ལྷོ་རི་བྱང་རིའི་ནགས་བཟོ་སྔོ་འགྱུར་འདུ་འགོད་ལ་ཕན་འབྲས་བཟང་པོ་ཐོན་པ། རྒྱལ་སྤྱིའི་ལྗང་མདོག་ལག་ཁྱེར་གྱི་ཉོ་ཚོང་དང་ནགས་རྩྭའི་ཐཱན་འདུས་ཉོ་ཚོང་ཐོག་མས་བོད་ཀྱི་ཐཱན་འདུས་དཔལ་འབྱོར་གྱི་སྔོན་འགྲོ་བཏོད་པ། ཁྲུང་ཁྲུང་དང་ཤ་བ་སོགས་རི་སྐྱེས་སྲོག་ཆགས་ཅི་དགར་རོལ་བ་བཅས་སྐྱེ་ཁམས་ལེགས་པོ་ནི་སྔར་བཞིན་བོད་ཀྱི་བཀྲག་མདངས་འཚེར་ཤོས་ཀྱི་གཞི་གདན་དུ་གྱུར་ཡོད།

རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་འཐབ་ཇུས་ཀྱི་ལས་འགན་ལ་བརྩི་བ་མཐའ་འཁྱོངས་བྱས་ཏེ། མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་མགྱོགས་མྱུར་བསྐྲུན་པ། མཐའ་མཚམས་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ལ་བརྟེན་ནས་རྩྭ་རྩི་ཤིང་ཐམས་ཅད་སྲུང་སྐྱོང་ཡག་པོ་བྱས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ་མཐའ་མཚམས་སྲ་བརྟན་དང་མི་དམངས་ཀྱི་བདེ་སྐྱིད་འགན་ལེན་བྱས་ཡོད།

དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ཏེ་དམ་འཛིན་དང་། རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོའི་བྱ་བ་དངོས་21དོན་འཁྱོལ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལས་བརྒལ་བ། ལྗོངས་ཕྱིར་སློབ་མ་3605ལས་ཞུགས་ཐུབ་པ། བོད་ལྗོངས་འཛིན་གྲྭར་བསྡུ་འཆར་གྱི་སློབ་མ་ཐོལ་པ་600འཕར་བ། ཕྲུ་གུ་ཚོ་དྲོད་རླངས་ཡོད་པའི་སློབ་ཁང་ནང་སྡོད་རྒྱུ་བྱུང་བ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་ལ་སྨན་བཅོས་ནུས་ལྡན་ཐུབ་པ། ཞིང་འབྲོག་མང་ཚོགས་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་སྲུང་ཐུབ་ཡོད།

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་རྩ་བའི་འགན་ལེན་དུ་བརྩི་བ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཁ་ཡོད་ལག་ཡོད་ཀྱིས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་པ་དེ་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་བྱེད་ཐབས་སུ་བརྩིས་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་སྟོན་ཕྱོགས་ཁ་གསལ་བཙུགས་པ། ལས་བྱེད་པའི་ཐེག་པ་འཁུར་ལེན་ལ་ལྕག་སྐུལ། ནན་པོའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་རུལ་རྒོལ་དང་ངན་འདོམས། ཏང་སྲོལ་བཟང་པོར་བརྟེན་ནས་སྲིད་སྲོལ་ལ་སྐུལ་འདེད་དང་དམངས་སྲོལ་ལ་སྐུལ་ཁྲིད་བཅས་བྱས་པས། གངས་ལྗོངས་ས་མཐོར་བསམ་བློ་གཏོང་ས་གཅིག་ལ་བསམ་བློ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་ཤུགས་བརྒྱབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད།

བོད་ལ་བྱུང་བའི་འགྱུར་ལྡོག་དང་ཡར་རྒྱས་ཚང་མ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་རེད་ལ། ཁ་གཏད་བོད་སྐྱོར་ཚན་པ་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཡང་ཁ་འབྲལ་ཐབས་མེད། དེའི་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་དང་ངལ་རྩོལ་འདུས་ཡོད། སྔར་སོང་ལ་ཕྱིར་མིག་བལྟས་ན། ང་ཚོས་འབད་འཐབ་བྱས་པའི་ཉིན་ཚང་མ་ངོ་མཚར་ཤིན་ཏུ་ཆེ་བ་དང་། སྤོས་པའི་གོམ་པ་ཚང་མ་ལས་སླ་པོ་ཞིག་མིན་པ། མི་ཚང་མས་ཧུར་ཐག་འབད་ཐག་གིས་རང་ཉིད་ཀྱི་ལས་ཀ་བྱས་པས་ཚང་མ་དཔེ་མི་སྲིད་པའི་ཡག་པོ་རེད།

2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་རེད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་ལོ་ཡང་རེད། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དང་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པའི་མདུན་དུ། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་མཉམ་འདྲེས་བྱེད་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྤྱི་འདོམས་བྱེད་པ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་ཡག་པོ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

གནས་ལུགས་ཆེན་པོ་སྟབས་ལ་བསྡུས། དངོས་སུ་སྒྲུབ་པ་གལ་འགངས་ཆེ། འབད་འཐབ་ལྷོད་མེད་བྱས་ཚེ་གཞི་ནས་སྔར་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་འགན་ནན་སྒྲུབ་དང་དཀའ་སྤྱད་སྙིང་རུས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

རླབས་ཆེན་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ།

བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ།

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལོ་གསར་སྤྲོ་པོ་དང་བཀྲ་ཤིས་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།

(པ་སངས་དང་། སྤེན་ཚེ། དཀོན་མཆོག་སྒྲོལ་མ། མཚམས་གཅོད་བཅས་ཀྱིས་སྒྱུར་ཞུས་བྱས)