02

ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གཞུང་དོན་ཁང་དང་ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་གིས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན་3ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ། 2024年04月11日

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གཞུང་དོན་ཁང་གིས་ཀྲུང་དབྱང་སྒྲིག་ཨུད་གཞུང་དོན་ཐིང་དང་མཉམ་དུ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན་3བརྡ་ཁྱབ་བཏང་བ་རེད། ཞིབ་ཕྲའི་ནང་དོན་གཤམ་གསལ་ཏེ།

1.ཧྲན་ཤིས་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་ཁག་གཅིག་གིས་གཉེར་སྐྱོང་བྱེད་པོ་འཕར་སྣོན་གྱི་ལས་འགན་གཅིག་ཐོག་གཉིས་སྤོར་གྱིས་བགོ་འགྲེམ་བརྒྱབ་པ། 2022ལོ་དང་2023ལོར། ཡུན་ཁྲེང་གྲོང་ཁྱེར་ཤིན་ཅང་རྫོང་དང་ཅིན་ཁྲེང་གྲོང་ཁྱེར་ཆིན་ཧྲུའེ་རྫོང་སོགས་ས་གནས་ཀྱིས་རང་ངོས་ཀྱི་དོན་དངོས་ལ་མི་ལྟོས་པ་དང་ཁྲོམ་རའི་ཆོས་ཉིད་དང་རྒྱབ་འགལ་བྱས་ཏེ་སྲིད་འཛིན་བཀའ་རྒྱ་གཏོང་སྟངས་ལ་བརྟེན་ནས་དམིགས་ཚད་གཅིག་ཐོག་གཉིས་སྤོར་བྱས་ཏེ། གཉེར་སྐྱོང་བྱེད་པོའི་གྲངས་འབོར་ལྡབ་འཕར་གྱི་ལས་འགན་ལ་བཙན་ཤེད་ཀྱིས་སྐུལ་འདེད་བཏང་བ་རེད། ཁག་གཅིག་གིས་དམིགས་ཚད་ལས་འགན་ཁོངས་གཏོགས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་བགོས་པ། ཁག་གཅིག་གིས་ལས་དོན་དེ་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་གི་དཔྱད་ཞིབ་ནང་བཅུག་སྟེ་གཟའ་འཁོར་རེར་བརྡ་ཁྱབ་རེ་གཏོང་བ་དང་། ཟླ་རེར་བཀོད་གཏོང་རེ་བྱེད་པ། དུས་ཚིགས་རེར་ཞིབ་འཇུག་བརྡར་གཅོད་རེ་བྱེད་པ། ལོ་རེར་དཔྱད་ཞིབ་རེ་བྱེད་པ་བཅས་ལག་བསྟར་བྱས་ཡོད། གོང་རིམ་གྱི་བཙན་སྐུལ་འོག ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་གཅིག་གིས་ལས་འགན་ལེགས་སྒྲུབ་དང་དཔྱད་ཞིབ་ལ་ཁ་གཏད་གཅོག་ཆེད། སྐུལ་སློང་དང་ལས་ཚབ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་མིང་ཐོག་ནས་གཉེར་སྐྱོང་ལས་སྒོ་དངོས་སུ་མེད་པའི་གཉེར་སྐྱོང་བྱེད་པོ་ཁག་གཅིག་ཐོ་འགོད་བྱས་ནས་གྲངས་འབོར་ཁ་གསབ་བྱེད་པ་དང་ཐ་ན་མི་གཅིག་གིས་གཉེར་སྐྱོང་བྱེད་པོ་20ལྷག་ཙམ་ཐོ་འགོད་བྱས་པའི་གནས་ཚུལ་ཡང་ཐོན་པ་དང་། ཁག་གཅིག་གིས་ལོ་འཁོར་གྱི་དཔྱད་ཞིབ་དཔྱད་བསྡུར་མཇུག་འགྲིལ་རྗེས་གཉེར་སྐྱོང་བྱེད་པོ་ཁག་གཅིག་ཐོ་ཁོངས་ནས་བསུབས་ཡོད།

2.ལེའོ་ཉིང་ཞིང་ཆེན་ཧྥུའུ་ཤིན་གྲོང་ཁྱེར་གྱི་ཞིང་དུད་དེབ་ཁང་ཁག་གཅིག་ལ་ཕན་འབྲས་དངོས་ཐོན་མེད་པ། ཉེ་བའི་ལོ་ཤས་རིང། ཧྥུའུ་ཤིན་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་ཞིང་དུད་དེབ་ཁང་600ལྷག་ཙམ་བསྐྲུན་ཡོད། དེབ་ཁང་དེ་དག་གིས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཞིང་པའི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་བསམ་བློ་རིག་གནས་གཡུལ་ས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ནུས་པ་ཐོན་ཡོད་མོད། འོན་ཀྱང་དགོས་མཁོ་དངོས་དང་མི་མཐུན་པ་དང་། དོ་དམ་སྲུང་སྐྱོང་སོགས་ཀྱི་ལེ་ལག་ཚང་བའི་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། དཔེ་དེབ་ཀྱི་སྣ་ཁ་ཉུང་བ། དེ་བཞིན་དཔེ་དེབ་སྒྲིག་སྦྱོར་གྱི་དམིགས་སའི་རང་བཞིན་དང་སྤྱོད་གོ་ཆོད་པའི་རང་བཞིན་དེ་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཧེ་བག་ཆེན་པོ་འཛོལ་བ་སོགས་ཀྱི་གནད་དོན་ཡང་གནས་ཡོད། མིག་སྔར་ཆ་འཕྲིན་ཅན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་གནས་བབ་འོག ཞིང་པ་མང་ཚོགས་ལ་ཆ་འཕྲིན་ཐོབ་ཐབས་སྔར་བས་སྣ་མང་དུ་ཕྱིན་པ་དང་། དེབ་ཁང་དངོས་སུ་སྤྱོད་ཚད་དམའ་རུ་འགྲོ་བཞིན་ཡོད་པས། དོན་དངོས་ཐོག་མ་དངུལ་འཕྲོ་བརླག་བཏང་ཡོད།

3.ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་གྱིས་སྤྱི་ཕན་བྱེད་སྒོའི་ཁྲོད་མོས་བསྟོད་ཀྱི་དམིགས་ཚད་བཟོས་ནས་གཞི་རིམ་གྱི་ཁུར་པོ་ལྕི་རུ་བཏང་བ། 2023ལོར། ཆི་ཆི་ཧའར་གྲོང་ཁྱེར“ཀྲུང་གོའི་གྲོང་ཁྱེར་ལ་མོས་བསྟོད་བྱེད་པའི”སྤྱི་ཕན་བྱེད་སྒོའི་ནང་ཞུགས་རིང་། གྲོང་ཨུད་དྲིལ་བསྒྲགས་པུས་བརྡ་ཐོ་བཏང་ནས་རྫོང(གྲོང་ཁྱེར་དང་ཆུས)ཁག་དང་ཚན་པ་ཁག་ལ་དུས་བཀག་ལྟར་འཕེལ་རིམ་བཀོད་གཏོང་དང་མོས་བསྟོད་བྱེད་ཚད་ཀྱི་མིང་གྲལ་བརྡ་ཁྱབ་གཏོང་རྒྱུའི་བླང་བྱ་བཏོན་པ་དང་འབྲེལ་ས་ཁུལ་ཁག་གི་ཞུགས་ཚད་དེ་སྤྱིའི་མི་འབོར་གྱི་10%ལས་དམའ་མི་ཆོག་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད། རྫོང(གྲོང་ཁྱེར་དང་ཆུས)ཁག་གིས་ཆེད་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་འཚོགས་ནས་རིམ་པ་རེ་རེ་བཞིན“གནོན་ཤུགས”བརྒྱུད་སྤྲོད་བྱས་པ་དང་། རྫོང་དང་ཆུས་ཁག་གཅིག་གིས“འགོ་ཁྲིད་གཙོ་བོར་གྲངས་གཞི་བསྡོམས་རྩིས་བྱས་ཚུལ་སྙན་སེང་ཞུ་དགོས་པའི”བླང་བྱ་བཏོན་པ། རྫོང་དང་ཆུས་ཁག་གཅིག་གིས་སྡེ་ཁུལ་ཚང་མས་ཉིན་ལྟར་མོས་བསྟོད་ཐེངས་500བྱེད་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས་ལུགས་བཏོན་ཡོད། སློབ་གྲྭ་དང་སྨན་ཁང་ཁག་གཅིག་གིས་དགེ་རྒན་དང་། སློབ་མ། ཁྱིམ་བདག སྨན་པ། སྨན་གཡོག་བཅས་ཚང་མ་ཞུགས་དགོས་པ་དང་། འཛིན་གྲྭའི་ཀྲུའུ་རེན་གྱིས་འཛིན་གྲྭ་དེའི“མོས་བསྟོད་བྱེད་པའི”ལག་ཁྱེར་གྱི་འདྲ་པར་ཕྱོགས་བསྡུས་ཀྱིས་ཐུམ་སྒྲིལ་བརྒྱབ་ནས་བསྐུར་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། མོས་བསྟོད་ལས་འགན་བགོ་འགྲེམས་རྒྱག་སྟངས་དེ་རིགས་ལ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སུན་སྣང་ཆེན་པོ་བྱེད་ཀྱི་ཡོད།

གོང་གསལ་གྱི་དཔེ་མཚོན་གནད་དོན་ལས་ས་གནས་ཁག་གཅིག་ཏུ་དོན་དངོས་དང་མི་མཐུན་པའི་དམིགས་ཚད་དང་ལས་འགན་གང་བྱུང་དུ་གཏན་འཁེལ་བྱས་པ་དང་གཞི་རིམ་གྱི་གྲངས་གཞི་རྫུན་བཟོ་གཅིག་ཐོག་གཉིས་སྤོར་བྱས་པ་དང་། ལས་ཀའི་ཁྲོད“ངོ་སྲུང”ལ་བལྟ་བ་ལས“ནང་དོན”ལ་མི་བལྟ་བ། རྣམ་པར་མཐོང་ཆེན་དང་ཕན་འབྲས་ལ་སྣང་ཆུང་བྱེད་པ། སྲིད་འཛིན་བཀའ་རྒྱ་གཏོང་སྟངས་སྟབས་བདེ་སྤྱད་དེ་ལས་ཀའི་ལས་འགན་བཙན་སྐུལ་བྱེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། བརྡ་ཁྱབ་བཏང་བའི་དཔེ་མཚོན་གནད་དོན་དང་ལྟ་བསྡུར་བྱེད་པ། ཨང་རྟགས་ལྟར་གྲལ་དུ་བཞུགས་པ་དང་རང་སྐྱོན་རང་བརྟག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐོན་པའི་བསམ་བློའི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་རྒྱུན་མཐུད་དང་ནུས་ཤུགས་ཡོད་རྒུས་ཡོ་བཅོས་བྱེད་པ། ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཁྲིད་སྟོན་བཅས་བྱས་ནས་རང་འགན་ཐེག་པ་འཁུར་ལེན་ལ་སྐུལ་ལྕག་དེ་བས་ལེགས་པ་བྱེད་དགོས།

(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)