02

དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་འགག་སྒོའི་འགྲོ་འོང་བདེ་འཇགས་དང་། ནུས་ཆེ། ཤར་གཏོང་བཅས་ཡོད་པ། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཀྲུང་ཕྱིའི་མི་སྣ་ཁྲི་518.9རྒྱལ་མཚམས་ནས་འཛུལ་སྒྲོལ་ཐུབ་པར་བྱས་པ། 2024年04月10日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་འགག་སྒོ་ནས་འགྲོ་འོང་བདེ་འཇགས་དང་། ནུས་ཆེ། ཤར་གཏོང་བཅས་ཐུབ་པ་དང་། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཀྲུང་ཕྱིའི་མི་སྣ་མི་ཐེངས་ཁྲི་518.9རྒྱལ་མཚམས་ནས་འཛུལ་སྒྲོལ་བྱ་རྒྱུར་འགན་ལེན་བྱས་པ་མ་ཟད། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་173ཟིན་ནས་ན་ནིང་གི་དུས་མཚུངས་ལས་69.6%འཕར་ཡོད་པ་རེད།

དེའི་ནང་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མི་སྣ་ཁྲི་226.7ཟིན་ནས་ན་ནིང་གི་དུས་མཚུངས་ལས་35.9%འཕར་ཡོད། རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ནང་སའི་མི་ཁྲི་242.2ཟིན་ནས་ན་ནིང་གི་དུས་མཚུངས་ལས་101.7%འཕར་ཡོད། རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ཕྱི་རྒྱལ་བ་ཁྲི་50ཟིན་ནས་ན་ནིང་གི་དུས་མཚུངས་ལས་163.2%འཕར་ཡོད་པ་རེད།

རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་དང་དུས་ཐོག་ཏུ་འགག་སྒོ་དེ་གའི་རྒྱལ་མཚམས་ནས་འཛུལ་སྒྲོལ་གྱི་འགྲུལ་རྒྱུན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་སྣར་འགྲོ་སྐྱོད་བཀོད་སྒྲིག་ལུགས་མཐུན་དང་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། ཀྲུང་གོའི་སྤྱི་དམངས་ཀྱིས་འགག་སྒོ་ནས་སྒྲོལ་སྐབས་བང་སྒྲིག་པའི་དུས་ཚོད་སྐར་མ་30ལས་མི་བརྒལ་བའི་བླང་བྱ་ལག་བསྟར་ནན་པོ་བྱས་པ་མ་ཟད། ཞིབ་བཤེར་བྱེད་ས་ཚང་མ་སྒོ་ཕྱེ་སྟེ་འགག་སྒོ་ནས་བདེ་བླག་ངང་སྒྲོལ་ཐུབ་པར་བྱས་ཡོད། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཡུལ་མི་ཕ་ཡུལ་དུ་ལོག་ནས་མེས་པོར་མཆོད་འབུལ་བྱེད་མཁན་མང་བ་སོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་ཆེད་མངགས་ཞིབ་བཤེར་བགྲོད་ལམ་བཀོད་སྒྲིག་བྱས་ནས་ཁོང་ཚོར་སྟབས་བདེ་བསྐྲུན་པ་དང་འབྲེལ་དམིགས་བསལ་ལྟ་རྟོག་བྱེད་དགོས་པའི་རྒན་རྒོན་དང་། བྱིས་པ། དེ་བཞིན་རྐང་ལག་ཐང་པོ་མེད་པའི་འགྲུལ་པ་བཅས་ལ་རོགས་རམ་བྱས་པ་རེད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)