02

ཀང་ཀྲུའུ་ཨའོ་ཟམ་ཆེན་ཚོད་ལྟའི་གཉེར་སྐྱོང་བྱས་ཚུན་ཡུལ་སྐོར་བ་ཁྲི་10ལྷག་ཙམ་གྱི་ཡིད་དབང་བཀུག་པ། 2024年04月10日

↑འདི་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་རྣམ་པ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་དུས་ཀྱི་ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ལིང་ཏིང་མཚོ་མོའི་སྟེང་གི་འཇའ་ཚོན་ལྟར་སྣང་ཞིང་། ཟམ་ཆེན་སྟེང་ལངས་ནས་ཐུར་དུ་བལྟས་ན། མིག་ལམ་དུ་འཆར་བ་ནི་གཏིང་མཐའ་བྲལ་བའི་རྒྱ་མཚོ་རེད། ཆེད་མངགས་པེ་ཅིང་ནས་གནམ་གྲུར་བསྡད་དེ་ཀོང་ཏུང་ཀྲུའུ་ཧའེ་རུ་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲང་ལགས་ཀྱིས“དེ་རིང་ནི་དྲན་གསོ་བྱེད་རིན་ཡོད་པའི་ཉིན་མོ་ཞིག་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

ལིང་ཏིང་མཚོ་མོའི་མཛེས་ལྗོངས་ཡོངས་སུ་བལྟས་རྗེས། ཐག་ཉེ་ས་ནས་ཤང་ཀང་གི་ཏ་ཡུས་རི་བོའི་མཛེས་ལྗོངས་མཐོང་ཐུབ་པ་མ་ཟད། རླུང་རྟ་རྒྱུག་ན་ད་དུང་ཀྲུང་ཧྭའི་མཚོ་ཕག་དཀར་པོ་མཐོང་སྲིད། ཟམ་ཆེན་གྱི་ཕུན་སུམ་ཚོགས་པའི་མཛེས་ལྗོངས་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ན་ནིང་གི་ཟླ་12ཚེས་15ཉིན“ཟམ་ཆེན་ལ་ལྟ་སྐོར”ཚོད་ལྟའི་གཉེར་སྐྱོང་བྱས་པ་ནས་བཟུང་། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ཡུལ་སྐོར་བ་མི་ཁྲི་10ལྷག་ཙམ་ལ་ཞིབ་བཤེར་བྱས་ཡོད།

ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་མཉམ་ལས་ཐེངས་དང་པོ་བྱས་ནས་བསྐྲུན་པའི་མཚོ་སྒྲོལ་བགྲོད་ལམ་ཆེ་ཤོས་ཤིག་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་55ཡོད་ལ། ཟམ་ཆེན་གྱི་སྤྱོད་ཡུན་ལོ་120ཡིན། དེ་ནི་འཛམ་གླིང་ཐོག་ཞེང་ཚད་རིང་ཤོས་དང་ངར་ལྕགས་གྲུབ་ཆའི་མཚོ་སྒྲོལ་ཟམ་པ་རིང་ཤོས་ཤིག་རེད། ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་པ་དང་གཉེར་སྐྱོང་བྱས་པ་དེ་ཐོག་ནས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་མཉམ་ལས་མཉམ་སྐྲུན་བྱས་པའི་གྲུབ་འབྲས་གཅིག་སྡུད་ཐོག་མཚོན་གྱི་ཡོད། དེའི་ཡུལ་སྐོར་ལམ་ཐིག་ནི་ཟམ་ཆེན་ནས་ཤང་ཀང་དང་། ཀྲུའུ་ཧའེ། ཨའོ་མོན་བཅས་ས་ཁུལ་གསུམ་གྱི་འགག་སྒོ་བར་དུ་ཡིན་པ་ཡིན། འགག་སྒོའི་ལྟ་འདོམས་ཁུལ་དང་འགག་སྒོའི་ཚད་བཀག་ས་ཁོངས་ནང་ཁུལ་དུ་གནས་ཡོད།