02

འབྲུ་སྣུམ་གྱི་ཞིང་ལས་ལོ་ཏོག་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། 2024年04月07日

འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་ཅིང་ཞན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སོན་བཟང་དང་། གོ་སྐབས་བཟང་པོ། བྱ་ཐབས་བཟང་པོ་བཅས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ལེགས་རྨོ་ཞིབ་ལས་ཐད་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་མུའུ་རེའི་ཐོན་འབབ་དང་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་འབྲུ་རིགས་བཏབ་ནས་ཕྱུག་པོ་ཆགས་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང“འབྲུ་རིགས་ཀྱི་ཐོན་འབབ་འཕར་བའི་གཙོ་གནད་དེ་གཞི་ཁྱོན་ཆེན་པོས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་ཐད་འཇོག་དགོས”དང“འབྲུ་རིགས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་དགོས”ཞེས་བཏོན་ཡོད།

ན་ནིང་། སྲན་ཆེན་དང་མ་རྨོས་ལོ་ཏོག་གཉིས་ལ་དམིགས་ཏེ་རང་རྒྱལ་གྱིས་འབྲུ་སྣུམ་སོགས་ཞིང་ལས་ལོ་ཏོག་གཙོ་བོའི་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་བར་ཕན་འབྲས་རགས་ཙམ་ཐོན་ཡོད། གཙོ་གནད་རྫོང་གི་སྲན་ཆེན་དང་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་འབབ་སྤྱི་རྒྱ་19.9དང་སྤྱི་རྒྱ་72.6སོ་སོར་མཐོ་རུ་ཕྱིན་ནས་ཐོན་འབབ་འཕར་བར་ལེགས་སྐྱེས་འབུལ་ཚད་73%ལྷག་ཙམ་ཟིན་པ་དང་། རྒྱལ་ཡོངས་ཀྱི་འབྲུ་རིགས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་2.9མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད་པ་རེད།

ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལོ་ཏོག་ཚན་རིག་ཞིབ་འཇུག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ལུའུ་ཞང་གིས། རྨོ་ཞིང་དང་ཆུའི་ཐོན་ཁུངས་ཀྱི་ཚོད་འཛིན་ཕོག་པར་བརྟེན། མིག་སྔར་རང་རྒྱལ་གྱིས་རྒྱ་ཁྱོན་ཆེ་རུ་བཏང་ནས་འབྲུ་རིགས་ཐོན་འབབ་མཐོ་རུ་གཏོང་བའི་ཐད་ཚད་བཀག་ཅུང་ཙམ་ལྡན་པས། ཐོན་ནུས་མཐོ་རུ་གཏོང་བའི་ཐབས་ལམ་གཙོ་བོ་ནི་ཞིང་ལས་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་རྒྱུ་དེ་རེད་ཅེས་བཤད།

སྤྱིའི་ཆ་ནས་བལྟས་ན། རང་རྒྱལ་གྱི་འབྲུ་སྣུམ་ལོ་ཏོག་གི་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བར་སྔར་བཞིན་གཏིང་ཤུགས་ཆེན་པོ་ལྡན་ཡོད། རིགས་གཅིག་མཁས་ཅན་གྱིས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་བསྡུར་ན། རང་རྒྱལ་གྱི་མ་རྨོས་ལོ་ཏོག་དང་། སྲན་ཆེན། པད་ཁ་བཅས་ཀྱི་ཆ་སྙོམས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བར་སྔར་བཞིན་བར་མཐོངས་ཡོད། ས་ཁུལ་མི་འདྲ་བར་འདེབས་འཛུགས་ཀྱི་ལམ་ལུགས་དང་། འདེབས་གསོ་བྱེད་སྟངས། ལག་རྩལ་དོན་འཁྱོལ་ཐུབ་ཚད་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པར་བརྟེན་མུའུ་རེའི་ཐོན་འབབ་ཐད་ཀྱི་ཧེ་བག་ཀྱང་མངོན་གསལ་དོད་པོ་ཡོད་ཅེས་བརྗོད་ཡོད།

ད་ལོ་རང་རྒྱལ་གྱིས་རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད། ཞིང་ལས་དང་གྲོང་གསེབ་པུའི་འདེབས་འཛུགས་ལས་རིགས་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། འགག་རྩའི་འགྱུར་ཚད་ཡིན་པའི་མུའུ་རེའི་ཐོན་འབབ་ལ་དམིགས་ནས། ལྗང་མདོག་གི་ཐོན་འབབ་མཐོ་ཞིང་ལས་ཕྱོད་ཆེ་བའི་ལག་རྩལ་རྣམ་པ་ཁག་གཅིག་རྒྱུན་མཐུད་གཅིག་འདུས་དང་། ཐོན་འཕར་ཕན་ཆེའི་འགག་རྩའི་ལག་རྩལ་ཁག་གཅིག་ཁྱབ་གདལ། གཞི་ཁྱོན་ཆེ་བའི་སྒྲིག་ཁོངས་ཐོན་འབབ་མཐོ་བའི་དཔེ་མཚོན་ཁག་གཅིག་སྔོག་འདོན་བཅས་བྱས་ཏེ། ལྷུ་ཚིགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་འབྲུ་སྣུམ་མུའུ་རེའི་ཐོན་འབབ་ཀྱི་གཏིང་ཤུགས་སྔོག་འདོན་བྱས་ནས“ལག་རྩལ་མང་པོ་གཅིག་འདུས་དང་གཞི་ཁྱོན་ཆེན་པོས་ཁྱབ་གདལ”གྱི་ཐོན་འཕར་དོ་སྙོམས་ཀྱི་རྣམ་པ་ཞིག་གང་གྱོགས་ཆགས་པར་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་རེད།

—— གཙོ་གནད་ས་ཁོངས་ལ་དམ་འཛིན་བྱེད་དགོས། སྲན་ཆེན་དང་། མ་རྨོས་ལོ་ཏོག གྲོ པད་ཁ་བཅས་ཞིང་ལས་ལོ་ཏོག་བཞིར་དམིགས་ཏེ། འབྲུ་སྣུམ་ཐོན་ཁུལ་གཙོ་བོའི་རྫོང་ཧྲིལ་པོར་སྐུལ་འདེད་བཏང་ནས་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

—— དཔེ་སྟོན་སྐུལ་ཁྲིད་ལ་དམ་འཛིན་བྱེད་དགོས། སྒྲིག་ཁོངས་ཧྲིལ་པོའི་སྐུལ་འདེད་གཏོང་ཡུལ་རྫོང་དང་ཞིང་ལས་ལོ་ཏོག་གཙོ་བོར་དམིགས་ནས“གཙོ་ཁྲིད་སྣ་ཁ་དང་། གཙོ་འདེད་ལག་རྩལ། གཙོ་ཤུགས་འཕྲུལ་འཁོར”བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་ཞབས་ཞུ་སོགས་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་དང་། གཞི་ཁྱོན་ཆེ་བའི་འདེབས་འཛུགས་བྱེད་པོ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་བྱེད་པོ་ཁག་གཅིག་སྐྱེད་སྲིང་བྱེད་པར་རོགས་སྐྱོར་བྱས་ནས་གནས་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་དགོས།

—— ལག་རྩལ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རིགས་གཅིག་མཁས་ཅན་ཚོགས་པ་དང་ཚན་རྩལ་ཡན་ལག་རུ་ཆུང་བཙུགས་ནས་སོ་ནམ་དུས་ཚིགས་གལ་ཆེན་ལ་དམ་པོར་དམིགས་པ་དང་། ལྷུ་ཚིགས་དབྱེ་བ་དང་རིགས་དབྱེ་ནས་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་པ། ཞིང་ལས་གཉེར་སྐྱོང་བྱེད་པོའི་ལེགས་ཆ་གསར་པ་བཏོན་ནས་ཞིང་ལས་ལོ་ཏོག་དང་ས་ཁོངས་ཕྱེ་ནས་གསོ་སྦྱོང་གི་འཆར་གཞི་བཟོས་ཏེ་འགག་རྩའི་ལག་རྩལ་དོན་འཁྱོལ་ཐུབ་ཚད་མཐོ་རུ་གཏོང་དགོས།

མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། ད་ལོ་ཞིང་ལས་དང་གྲོང་གསེབ་པུས་ནོར་སྲིད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ་འབྲུ་རིགས་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་འདུ་འགོད་དང་། ཐོན་འབབ་མཐོ་ཞིང་ལས་ཕྱོད་ཆེ་བའི་ལྗང་མདོག་གི་བྱ་སྤྱོད། འབྲུ་རིགས་དང་པད་ཁ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱེད་པོའི་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་བྱ་སྤྱོད་སོགས་ཀྱི་མ་དངུལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་ས་གནས་ཁག་གིས་མུའུ་རེའི་ཐོན་འབབ་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་རེད། དེ་དང་ཆབས་ཅིག ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་མཉམ་ལས་ཆེན་པོ་དང་འགག་སྒྲོལ་ཆེན་པོ་བྱས་ཏེ་ཐོན་ཁུངས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)