འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྔོན་ཐོན་ལ་གཟེངས་བསྟོད་དང་མིག་དཔེ་གཏོད་ཆེད། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་སུ་སྤྱི་བདེ་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་གྲུབ་འབྲས་མངོན་གསལ་དོད་པའི་བུད་མེད་མི་དམངས་ཉེན་རྟོག་པ་100དང་། ཉེན་རྟོག་པའི་བཟའ་ཟླ་ཡག་པོ་100 ཉེན་རྟོག་པའི་ཨ་མ་ཡག་པོ་99བཅས་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པས་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་དམངས་ཀྱི་བདེ་འཇགས་འགན་ལེན་བཅས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལས་ཀའི་ནང་རྒྱ་ཆེའི་སྤྱི་བདེའི་བུད་མེད་མི་དམངས་ཉེན་རྟོག་པས“གནམ་ཕྱེད་ཀ་འདེགས་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་། རང་འགན་ནན་སྒྲུབ། འབད་འབུངས་ཡར་བརྩོན། ལང་ཚོ་སྐྱེས་སུ་འབུལ་བ་བཅས་བྱས་ནས་མཛངས་མའི་ཞུམ་མེད་ཀྱི་སྙིང་སྟོབས་དང་འབད་བརྩོན་ལ་བརྟེན་ནས་རླབས་ཆེའི་བྱ་གཞག་གི་འཛུགས་སྐྲུན་པ་དང་། ཤེས་དཔལ་དར་སྲོལ་གཏོད་མཁན། ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་བུད་མེད་ཀྱི་འགན་འཁྲི་མངོན་པར་བྱས་ནས་ངོ་མཚར་ཆེ་བའི་བུད་མེད་ཀྱི་ལེའུ་ཞིག་བརྩམས་ཡོད། རྒྱ་ཆེའི་ཉེན་རྟོག་པའི་བཟའ་ཟླ་དང་ཉེན་རྟོག་པའི་ཨ་མ་ཡག་པོས་རང་བཀུར་དང་། རང་རྟོན། རང་ཚུགས། རང་དར་བཅས་ཀྱི་དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཡོངས་ལ་བསམ་གཞིག་ཐུབ་པ་དང་ཆེ་ས་མཐོང་ཐུབ་པ་བྱས་ཏེ། ནམ་ཡང་ཟོལ་མེད་དང་། སྐྱིད་སྡུག་མཉམ་མྱོང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ་བཅས་ཀྱི་སྒོ་ནས་འཁང་ར་དང་འགྱོད་པ་མེད་པར་སྤྱི་བདེའི་མི་དམངས་ཉེན་རྟོག་པར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། མི་དམངས་ཉེན་རྟོག་པས་འབད་འབུངས་ཆེར་སྐྱེད་ཀྱིས་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་པར་ལྕག་སྐུལ་བྱས་པ་དེ་ཐོག་ནས་བཟང་བཀུར་དགེ་ཕྱོགས་དང་། རྒན་བཀུར་གཉེན་གཅེས། ཁ་དན་ཚིག་གནས། བརྩོན་བསྲིས་ཁྱིམ་སྐྱོང་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཁྱིམ་སྲོལ་བཟང་པོ་གང་ལེགས་མཚོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
(པ་ཕན་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)