《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月28日

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད།

བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་སྲང་ཐ་གྲོང་ཚོར་སྐྱོད་སྐབས་སྙན་པའི་གླུ་དབྱངས་རྣ་བར་ལྷང་ལྷང་དུ་གྲགས། གྲོང་མི་མེ་ཏོག་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་གྲ་སྒྲིག་བྱེད་བཞིན་འདུག

སྲང་ཐ་གྲོང་ཚོ་ནི་རྒྱལ་མོ་རྔུལ་ཆུའི་སྨད་རྒྱུད་དུ་གནས་པ་དང་མི་རིགས་མང་པོ་འདུས་སྡོད་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་རེད། གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རུ་དཔོན་ཡིན་པའི་མེ་ཏོག་གིས་འཁྲབ་སྟོན་རུ་ཁག་སྒྲིག་འཛུགས་བྱས་ནས་ལི་ལི་རིགས་དང་། ནུའུ་རིགས། བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་ཞབས་བྲོ་གསར་རྩོམ་བྱེད་ཀྱི་ཡོད། “མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་ལས་ཚང་མས་མི་རིགས་ཁག་སོ་སོའི་གོམས་སྲོལ་ལ་ཤེས་རྟོགས་ཐུབ་ཀྱི་ཡོད”

སྲང་ཐ་གྲོང་ཚོ་དང་འདྲ་བར་གངས་ལྗོངས་ས་མཐོར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་ཕྱིན་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད།

“ཇ་བསྲུབས་མའི་ནང་གི་ཇ་དང་མར་བཞིན་ཚང་མ་གཅིག་སེམས་གཅིག་ལ་བསྒྲིལ་ཡོད”

“རྒྱ་ལམ་སྒྲོལ་སྐབས་རྩེད་མོ་མ་རྩེ། གཟབ་གཟབ་བགྱིས” ཞོགས་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་གྲོང་མི་དབྱི་སི་མཱ་དབྱི་ལཱ་ཡིས་གྲོང་པའི་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་པ་མཐོང་སྐབས་སེམས་རྩ་འཁོལ་པོས་དྲན་སྐུལ་བྱེད་ཀྱི་ཡོད།

ཝ་པ་གླིང་སྡེ་ཁུལ་དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཡུ་གུར་རིགས་སོགས་མི་རིགས་11ཙམ་དང་དུད་ཚང་500 མི་གྲངས་2000ལྷག་ཙམ་བཅས་ཡོད། སྐབས་རེ་གྲོང་པ་ཁྱིམ་མཚེས་ལས་བྲེལ་ཆེ་བས་ཕྲུ་གུར་ལྟ་ཁོམ་མེད་ཚེ་དབྱི་སི་མཱ་དབྱི་ལཱ་ཡིས་རང་འགུལ་ངང་ཁོང་ཚོའི་ཕྲུ་གུ་བསུ་སྐྱེལ་བྱེད་ཀྱི་ཡོད།

“འདིར་འཚོ་བ་བསྐྱལ་ནས་ལོ་20ལྷག་ཙམ་འགྲོ་གི་འདུག ང་ཚོ་གྲོང་པ་ཁྱིམ་མཚེས་དབར་ཧ་ཅང་འཆམ་པོ་ཡོད། ཁྱིམ་ཚང་གང་རུང་དུ་གནས་ཚུལ་ལྷག་པའམ་ཡང་ན་རོགས་རམ་དགོས་ཚེ་ཕན་ཚུན་རོགས་པ་ཧུར་ཐག་བྱེད་ཀྱི་ཡོད། ཚང་མ་ཇ་བསྲུབས་མའི་ནང་གི་ཇ་དང་མར་བཞིན་གཅིག་སེམས་གཅིག་ལ་བསྒྲིལ་ཡོད”ཅེས་དབྱི་སི་མཱ་དབྱི་ལཱ་ཡིས་བཤད།

“མི་རིགས་ཁག་གི་སྲོལ་རྒྱུན་དུས་ཆེན་རིང་། ང་ཚོས་མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་དང་། མི་རིགས་མཐུན་སྒྲིལ་གྱི་གཟེངས་བསྟོད་ཚོགས་འདུ། རིག་རྩལ་སྐོང་འཁྲབ་བཅས་བྱས་ནས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་གི་ཡོད”ཅེས་ཝ་པ་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཆོས་མཚོས་བཤད།

གངས་ལྗོངས་ས་མཐོར་མི་རིགས་ཁག་གི་མང་ཚོགས་མཉམ་སྐྲུན་མཉམ་སྤྱོད་དང་མཉམ་སྒྲུབ་མཉམ་རོལ་གྱི་རྣམ་པ་ཞིག་ཆགས་ཡོད། མཉམ་སྡེབ་140དང་མི་སྒེར་189ལ་སྔ་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ(མི་སྒེར)ཀྱི་མཚན་སྙན་ཐོབ་ཡོད།

“ཕྲུ་གུ་འདི་དག་ནི་སོན་བཟང་ལྟ་བུ་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་བཞད་པར་བྱེད་དགོས”

མཱ་ཀུའེ་ལན་ནི་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་ལོ་རིམ་དགུ་པའི་འཛིན་གྲྭ་བཅོ་བརྒྱད་པའི་འཛིན་བདག་ཡིན་ཞིང་། འཛིན་གྲྭའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་མང་པོའི་སློབ་མ་ཡོད། “འཛིན་གྲྭའི་ནང་གི་སློབ་མ་རྣམས་ཧ་ཅང་འཆམ་པོ་ཡོད། ངས་རྒྱུན་དུ་སློབ་མ་ཚོར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད”ཅེས་བཤད།

ལམ་ཐག་ལེ་དབར་སྟོང་གིས་ཆོད་པའི་ཧྲང་ཧའེ་ཡི་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ་བོད་ནས་ཡོང་བའི་ཕྲུ་གུ་མང་པོ་ཡོད། སློབ་གྲྭ་ནི་ཁོང་ཚོ་སློབ་སྦྱོང་བྱེད་ས་ཡིན་པ་མ་ཟད། དེ་བས་ཀྱང་ཁོང་ཚོའི“ཁྱིམ”རེད། སློབ་གོས་ཉོ་བ་ནས་ལྟོ་ཆས་འགན་ལེན་བྱེད་པ་དང་ནད་གཞི་ཕོག་སྐབས་ལྟ་རྟོག་བྱེད་པའི་བར་སློབ་གྲྭའི་མི་རིགས་སློབ་གསོའི་གཞུང་ལས་ཁང་གི་དགེ་རྒན་ཚོས་བསམ་བློ་ཞིབ་ཚགས་གཏོང་གི་ཡོད།

སློབ་མ་བསྟན་གཡང་ཐོག་མར་འདིར་སླེབས་སྐབས་ས་ཆུ་འཕྲོད་ཀྱི་མེད། འཚོ་བའི་མཛུབ་ཁྲིད་དགེ་རྒན་ཧོ་གོ་ཧྭ་དང་ཆོས་སྒྲོན་གྱིས་ཁོ་མོ་སྨན་ཁང་མང་པོར་ཁྲིད་ནས་སྨན་བཅོས་བྱས་པ་དང་འཛིན་བདག་ཝང་ལན་གྱིས་ཁོང་ལ“གཅིག་གཏད་གཅིག”གིས་གསབ་ཁྲིད་བྱས། དགེ་རྒན་གྱི་ལྟ་སྐྱོང་འོག་བསྟན་གཡང་གཟུགས་པོ་ཐང་དུ་ཕྱིན་ནས་མཐར་རང་ཉིད་འགྲོ་འདོད་ཆེན་པོ་བྱེད་པའི་སློབ་ཆེན་ལ་རྒྱུགས་འཕྲོད་པ་རེད།

2002ལོ་ནས་ད་བར། ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གིས་སྐབས་19བར་དང་བོད་རིགས་སློབ་མ་600ཙམ་གསོ་སྐྱོང་བྱས་ཡོད། “ཕྲུ་གུ་འདི་དག་ནི་སོན་བཟང་ལྟ་བུ་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་བཞད་པར་བྱེད་དགོས”ཞེས་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་ཏང་ཨུད་ཧྲུའུ་ཅི་ཀུའོ་ཅོན་གྱིས་བཤད།

ཕྱིར་སློབ་སྦྱོང་བྱེད་པ་ནི་ཕ་ཡུལ་འཛུགས་སྐྲུན་དེ་བས་ལེགས་པ་བྱ་ཆེད་ཡིན། བསོད་ནམས་བདེ་སྐྱིད་ལ་པེ་ཅིང་དགེ་འོས་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་རྒྱུས་རག་རྗེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་བྱས། “ངས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་བོད་དུ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།

བོད་དུ་སློབ་མཚམས་ཧྲིལ་པོའི་སློབ་མའི་རོགས་སྐྱོར་མ་ལག་བསྐྲུན་ཟིན་པ་དང་མ་དངུལ་རོགས་སྐྱོར་གྱི་ཁྱབ་རྒྱ་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་ཚང་མར་ཁྱབ་ཡོད། 2012ལོ་ནས་2022ལོའི་བར། རྒྱལ་ཁབ་ཀྱིས་རིམ་རྩིས་བརྒྱབ་ན་བོད་ཀྱི་སློབ་གསོར་གྲོན་དངུལ་སྒོར་དུང་ཕྱུར་2515.06བཏང་བ་དང་། ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3409ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་94.4ལྷག་ཙམ་ཡོད། བོད་ཀྱི་རྫོང(ཆུས་དང་གྲོང་ཁྱེར)74ཚང་མར་འོས་འགན་སློབ་གསོ་སྤྱིར་ན་དོ་སྙོམས་འཕེལ་རྒྱས་བྱུང་བ་དང་། སློབ་གསོའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པའམ་དེ་ཡན་ཟིན་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

“ང་རང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དུས་རབས་བཟང་པོ་འདིར་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང”

“2017ལོར་སྟེས་དབང་གི་གོ་སྐབས་ཤིག་གིས་རང་ཉིད་བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་བདམས་ཐོན་པར་གྱུར་བྱུང་། དུས་དེ་ནས་བཟུང་རང་ཉིད་ལུས་རྩལ་ལམ་བུར་གཞོལ་བ་ཡིན”ཞེས་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཡ་པང་གངས་ཤུད་ན་གཞོན་ཚོགས་ཆུང་གི་འགོག་འདེད་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་དབྱངས་ཅན་ལྷ་མོས་བཤད།

དབྱངས་ཅན་ལྷ་མོ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་ཕུ་རོང་གྲོང་ཚོར་སྐྱེས། རྐང་རྩེད་སྤོ་ལོ་རྒྱག་མཁན་ཞིག་ནས་ཡ་པང་གངས་ཤུད་ལུས་རྩལ་པར་བསྒྱུར་ཏེ“རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི”ནང་གསེར་གྱི་རྟགས་མ་ཐོབ་པའི་བར་གྱི་ཁོང་གི་རྩལ་འགྲན་ལུས་རྩལ་ལམ་བུ་ནི་ཅི་འདྲའི་ངོ་མཚར་ལྡན་པ་ཞིག་རེད་ཨང་།

“ས་མཐོའི་གྲོང་ཚོ་ཆུང་ངུ་ནས་རྒྱལ་ཁབ་ཀྱི་གར་སྟེགས་ཆེན་པོར་བསྐྱོད་པ་མ་ཟད། ད་དུང་ཨང་དང་པོ་ཡང་ལེན་ཐུབ་བྱུང་བས་ང་རང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དུས་རབས་བཟང་པོ་འདི་འདྲར་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང”ཞེས་དབྱངས་ཅན་ལྷ་མོས་བཤད།

ལོ་25ལ་སླེབས་པའི་སྐལ་སྒྲོན་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནས་ཡིན་ཞིང་། “ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་བོད་སྐྱོར་སྲིད་ཇུས་ལ་བརྟེན་ནས་སྐལ་སྒྲོན་2021ལོར་བོད་ལྗོངས་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཧུའུ་པེའི་ཧོང་ཧྲེ་གྲོང་ཁྱེར་གྱི་ཁེ་ལས་ཤིག་གིས་ལས་ཀར་བསྡུས།

ཉེ་ཆར་སྐལ་སྒྲོན་གྱི་འགྲམ་དུ་ཐེམ་ཁུངས་བོད་ནས་ཡིན་པའི་ལས་རོགས་མང་དུ་འགྲོ་བཞིན་ཡོད་ཅིང་། ས་གནས་དེ་གར་ད་དུང་བོད་ཟས་ཟ་ཁང་ཞིག་བཙུགས་ཡོད། ཧོང་ཧྲེ་གྲོང་ཁྱེར་ཁོ་ནར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བརྒྱ་ལྷག་ཙམ་ལས་ཞུགས་བྱེད་པའི་ཡིད་དབང་བཀུག་ཡོད།

2017ལོ་ནས་བཟུང་། རིམ་རྩིས་བྱས་ན་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1.3ཙམ་ལྗོངས་ཕྱིར་ལས་ཞུགས་ཐུབ་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་སི་ཁྲོན་ཁྲེང་ཏུར་ལྗོངས་ཕྱིར་ལས་ཞུགས་ཀྱི་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་18བཙུགས་ནས། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ“ཕྱིར་ཐོན་ཐུབ་པ་དང་། ཉར་ཐུབ་པ། ལས་དོན་ཡག་པོ་སྒྲུབ་ཐུབ་པ། མཉམ་འདྲེས་ཐུབ་པ། གཞི་ཚུགས་ཐུབ་པ”བཅས་བྱེད་པར་ཕྱོགས་ཡོངས་ནས་རོགས་རམ་བྱེད་བཞིན་ཡོད། (བསོད་བདེ་གཞོན་པ་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)