《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月28日

ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་2024ལོའི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་བཀོད་སྒྲིག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་སྡུད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་ཡོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཚན་རྩལ་པུའུ། ཁྲིམས་འཛིན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་བརྡ་ཐོ་བཀྲམ་ནས། 2024ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད།

བརྡ་ཐོའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར། “གྲོང་ཚོ་སྟོང་དཔེ་སྟོན་དང་། གྲོང་ཚོ་ཁྲི་བཅོས་སྒྲིག”གི་འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ནས་གྲོང་གསེབ་ཀྱི་བསམ་བློ་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་འགྲོ་བར་ཤུགས་སྣོན་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་མུ་མཐུད་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ཚན་རིག་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ལྗང་མདོག་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་སྐྱེད་སྲིང་བཅས་བྱས་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གང་མགྱོགས་བྱེད་པར་བསམ་བློའི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས་པ་ཁ་གསལ་བསྟན་ཡོད།

བརྡ་ཐོའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ནས། མི་རྣམས་ཀྱིས་གསར་གཏོད་ཏང་གི་རིགས་པའི་གཞུང་ལུགས་ལ་འཛིན་པའི་ཆབ་སྲིད་ཀྱི་མོས་སེམས་དང་། དགོངས་པའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ཏེ“རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་ཡོང་བར་ང་ཡིས་འབད”ཅེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་སྤེལ་ཏེ་མི་རྣམས་ཀྱིས་རྒྱལ་གཅེས་ཀྱི་བརྩེ་བ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྙིང་སྟོབས། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་རང་རྟོགས་ངང་དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་གྱི་རྒྱང་ལམ་ཐོག་མཉམ་འདྲེན་བྱེད་པར་ཁྲིད་སྟོན་བྱེད་དགོས། གྲོང་གསེབ་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་གཞི་རིམ་གྱི་འཐབ་སའི་ནུས་པ་འདོན་པ་དང་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དངུལ་འབོར་ཆེ་བའི་སློང་རྟེན་ལེན་པ་དང་། འཚོ་དུས་བསྙེན་བཀུར་མེད་པར་འདས་སྐབས་འདས་མཆོད་རྒྱས་པོ་བྱེད་པ་སོགས་ཀྱི་སྲོལ་ངན་ལ་མུ་མཐུད་དག་ཐེར་བྱེད་དགོས། ཞིང་པས་བསམ་བློ་དང་རིག་གནས་ཀྱི་འཚོ་བར་བཅངས་པའི་རེ་སྒུག་གསར་པར་དམིགས་ནས་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་ཀྱིས་དགེ་མཚན་ལྡན་པའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་གཞི་རིམ་མང་ཚོགས་ཀྱིས་རང་འགུལ་ངང་རིག་རྩལ་བྱེད་སྒོ་གཉེར་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས། གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཏུ་ཚན་རྩལ་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ལག་རྩལ་གསར་པ་གསར་གཏོད་དང་། དཔེ་སྟོན། ཁྱབ་སྤེལ་བཅས་ཀྱི་ལས་དོན་བསྒྲུབས་ཏེ་གྲངས་འཛིན་ཅན་གྱི་སྤྱི་ཕན་ཞིང་སྐྱོར་ལས་སྟེགས་བསྐྲུན་ནས། ཚན་རིག་ཁྱབ་གདལ་དཔེ་སྟོན་གྱི་བྱེད་སྒོ་དང་ཚན་རིག་ཁྱབ་གདལ་རྣམ་གྲངས་གྲོང་གསེབ་ལ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཚན་རིག་གི་ཤེས་བྱ་དང་། ཚན་རིག་གི་བྱ་ཐབས། ཚན་རིག་དང་མཐུན་པའི་བསམ་བློ། ཚན་རིག་གི་སྙིང་སྟོབས་བཅས་བརྒྱུད་སྤེལ་བྱེད་དགོས། བདེ་ཐང་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུ་ནུས་རྒྱུན་མཐུད་ཆེར་གཏོང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཇེ་ཟབ་ཏུ་གཏོང་བ། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་ལ་བརྟེན་ནས་ཤེས་དཔལ་དང་བདེ་ཐང་གི་འཚོ་བའི་འདུ་ཤེས་དར་སྤེལ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)