འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཏེར་ཁྲོན་གྱི་ཆུ་སྲུང་སྐྱོང་དང་བེད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུའི་ཐོན་ཁུངས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས《གཏེར་ཁྲོན་གྱི་ཆུ་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གཏེར་ཁྲོན་གྱི་ཆུ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་སྤྱོད་ཚད་རྒྱུན་མཐུད་ངང་མང་དུ་ཕྱིན་རུང་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ་དང་། བསྡོམས་རྩིས་ཀྱི་གཞི་གྲངས་གསལ་པོ་མེད་པ། སྲིད་ཇུས་ཀྱི་ཚད་གཞི་འཐུས་སྒོ་ཚང་པོ་མེད་པ། ལག་རྩལ་སྒྲིག་ཆས་འཐུས་སྒོ་ཚང་པོ་མེད་པ། སྲུང་སྐྱོང་དང་བེད་སྤྱོད་གང་ལེགས་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། གནད་དོན་དེ་དག་ལ་དམིགས་ནས《བསམ་འཆར》ནང་གཏེར་ཁྲོན་གྱི་ཆུ་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཏེར་ཁྲོན་གྱི་ཆུའི་སྤུས་ཚད་དང་རིམ་པ་དབྱེ་ནས་ཐག་གཅོད་ལ་སྐུལ་འདེད་གཏོང་བ། གཏེར་ཁྲོན་གྱི་ཆུ་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། གཏེར་ཁྲོན་གྱི་ཆུ་བེད་སྤྱོད་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན་ཡོད་པ་རེད།
《བསམ་འཆར》ནང་བཏོན་པའི་དམིགས་ཚད་གཙོ་བོ་ནི། 2025ལོར་སླེབས་སྐབས་རྒྱལ་ཡོངས་སུ་གཏེར་ཁྲོན་གྱི་ཆུ་སྤྱོད་ཚད་ཟམ་མི་ཆད་པར་མང་དུ་འགྲོ་བའི་ཁྲོད་རྨ་ཆུ་རྒྱུག་ཁུལ་དུ་68%ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་གཏེར་ཁྲོན་གྱི་ཆུ་སྲུང་སྐྱོང་བེད་སྤྱོད་ཀྱི་སྲིད་ཇུས་མ་ལག་དང་ཁྲོམ་རའི་ལམ་སྲོལ་སྤྱིར་ན་འཛུགས་རྒྱུ་དེ་རེད། 2030ལོར་སླེབས་སྐབས་གཏེར་ཁྲོན་གྱི་ཆུ་དོ་དམ་ལམ་ལུགས་མ་ལག་དང་། ཁྲོམ་རའི་སྙོམས་སྒྲིག་ལམ་སྲོལ། ལག་རྩལ་འདེགས་སྐྱོར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་གཏེར་ཁྲོན་གྱི་ཆུ་སྤྱོད་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།