འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ད་ལོའི་ཟླ་3ཚེས་25ཉིན་ནི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་29པ་རེད། སློབ་གྲྭའི་བདེ་འཇགས་སློབ་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་དང་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་རང་སྲུང་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིས་བརྡ་ཐོ་བཏང་ནས། ཟླ་3ཚེས་25ཉིན་ནས་བཟུང“རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་གཟའ་འཁོར”གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
བརྡ་ཐོའི་ནང་། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས“བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཉེན་གཡོལ་ནུས་པ་ཆེ་རུ་གཏོང་རྒྱུ”གཙོ་གནད་དུ་བྱས་ནས། གཏོགས་ཁོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་ལས་འཛོལ་ཉེན་བརྡར་བརྩི་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་རིམ་སྤེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ། སློབ་མའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སློབ་མའི་རང་སྲུང་ནུས་པ་ཆེ་རུ་གཏོང་བ། སློབ་གྲྭའི་བདེ་འཇགས་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བདེ་འཇགས་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་མ་བདེ་ཐང་དང་བདེ་འཇགས་ངང་འཚར་ལོངས་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། སྤྱི་བདེ་དང་མེ་ཟོན་རོགས་སྐྱོབ་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་ཧུར་ཐག་བྱེད་པ། ས་གནས་དེ་གའི་དོན་དངོས་དང་ལོ་ན་མི་འདྲ་བའི་སློབ་མའི་ཁྱད་ཆོས་དང་ཟུང་འབྲེལ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་སློབ་གསོའི་གཟའ་འཁོར་ནང་སློབ་གྲྭའི་ནང་གི་གཏུམ་སྤྱོད་དང་སློབ་མའི་དབར་གྱི་བརྙས་བཅོས་སྔོན་འགོག་དང་། སེམས་ཁམས་བདེ་ཐང་། མེ་ཟོན་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། མྱུར་སྐྱོབ་གསོ་སྦྱོང་བཅས་དང་དེ་བཞིན་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་གི་ཆེད་དོན་སློབ་གསོ་རྒྱ་ཁྱབ་ངང་སྤེལ་དགོས་པའི་ནན་བཤད་བྱས་པ་རེད།
བརྡ་ཐོའི་ནང་། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་བདེ་འཇགས་སློབ་གསོའི་བྱེད་སྒོ་དང་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་ཟུང་འབྲེལ་བྱེད་པ་དང་དྲ་ཐོག་དང་དྲ་ཕྱི་དུས་གཅིག་ཏུ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་སློབ་གསོའི་གཟའ་འཁོར་གྱི་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པ་དང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་དེ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སློབ་གྲྭ་འབྲིང་ཆུང་གི་བདེ་འཇགས་ལས་དོན་ལ་སེམས་ཁུར་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཁྱིམ་ཚང་དང་སློབ་གྲྭ་མཐུན་སྦྱོར་བྱེད་པར་སྣང་ཆེན་བྱས་ཏེ་ཁྱིམ་བདག་གིས་རིགས་ཁག་གི་བདེ་འཇགས་ཤེས་བྱ་སློབ་སྦྱོང་དང་ཤེས་རྟོགས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ལྟ་སྐྱོང་གི་འགན་འཁྲི་ཡག་པོ་ཁུར་དགོས་པ། བྱེད་སྒོའི་དཔེ་མཚོན་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ཕུལ་བྱུང་བྱེད་སྒོའི་ཐོན་ཁུངས་སྐྱེད་སྲིང་བྱེད་དགོས་པ། སློབ་གྲྭའི་བྱེད་སྒོར་ཐོ་འགོད་ཞིབ་བཤེར་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་བྱེད་སྒོའི་ཁྲོད་རྣམ་པ་གང་རུང་གི་ཐོག་ནས་ཚོང་ལས་ཀྱི་བརྡ་ཆ་འགྲེམས་སྤེལ་དང་། བར་དུ་བཅུག་པ། པར་འགྲེམས་བཅས་དང་དེ་བཞིན་ཚོང་ལས་དྲིལ་བསྒྲགས་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)