《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月29日

དགུན་དུས་འགྲན་ཚོགས་སྐབས་བཅུ་བཞི་པ་གོ་སྐབས་སུ་བྱས་ཏེ།

ནང་སོག་གི་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྒུལ་ནུས་གསར་པ་བསྣན་པ།

འདི་ག་ཚགས་པར་ཁང་དུ་ཧུའུ་ལུན་པེར་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ(གཤམ་དུ“དགུན་དུས་འགྲན་ཚོགས་སྐབས་བཅུ་བཞི་པ”ཞེས་བསྡུ་རྒྱུ)གོ་སྐབས་སུ་བྱས་ནས་ནང་སོག་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཉེ་ཆར། ནང་སོག་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ལྗོངས་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3140.55ལ་སྣེ་ལེན་ཞུས་པ་དེ་2023ལོའི་ལྡབ་5.76ཡིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་221.22བྱུང་བ་དེ་2023ལོའི་ལྡབ་7.63ཡིན། དེ་དག་གངས་འཁྱགས་ལུས་རྩལ་ལ་ཞུགས་མཁན་ཁྲི་སྟོང་མང་པོས་གངས་ཤུད་གློད་རྩལ་ངོམ་པར་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ས་གནས་དེ་གའི་རིག་གནས་དང་ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་མངོན་ཡོད།

གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། འདི་ལོའི་དགུན་ཁར་ནང་སོག་ས་གནས་ཁག་གིས་དགུན་དུས་འགྲན་ཚོགས་སྐབས་བཅུ་བཞི་པར་དམིགས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་ཏེ་ཡུལ་སྐོར་བ་དང་ཡུལ་སྐོར་གྱི་ཡོང་འབབ་ཤུགས་ཆེན་འཕར་བར་སྐུལ་ཁྲིད་བྱས་ཡོད། ཧུའུ་ཧོ་ཧའོ་ཐེའི་མཱ་ཙུང་ཧྲན་གངས་ཤུད་ར་བའི་གངས་འཁྱགས་ལུས་རྩལ་ལོ་གསར་གྱི་གོམས་སྲོལ་རོལ་རྩེད་དང་མཉམ་འདྲེས་བྱས་པར་ཡུལ་སྐོར་བ་མང་པོའི་གདེང་འཇོག་བཟང་པོ་ཐོབ་ཡོད། ཁྲི་ཧྥུང་དུ་གྲོང་ཁྱེར་གྱི་གངས་འཁྱགས་ནཱ་ཏ་མུའུ་རོལ་རྩེད་སྐབས་དང་པོ་འཁྲུག་ཆ་ཤིན་ཏུ་དོད་ལ་ཉིན་ལྟར་ཡུལ་སྐོར་བ་ཆིག་ཁྲི་ཙམ་ལ་སྣེ་ལེན་ཞུས་ཡོད། ཨོ་ལུན་ཁྲུན་རང་སྐྱོང་ཆི་རུ་གངས་འཁྱགས་ཀྱི“དབྱི་ས་རེན”གྱི་བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ས་གནས་ཁག་གི་ཡུལ་སྐོར་བས་མེ་ཕུང་གི་མཐའ་བསྐོར་ནས་གླུ་ལེན་གར་འཁྲབ་བྱས་ཡོད། ཧུའུ་ལུན་པེར་དུ་དགུན་དུས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཅུ་ཡིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཅིང་། རིག་གནས་ཡུལ་སྐོར་བྱེད་སྒོ་ཁག་161སྤེལ་ནས་ས་གནས་དེ་གའི་དགུན་དུས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད། གྲངས་གཞི་ལས་མངོན་དོན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཧུའུ་ལུན་པེར་གྱི་ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་ཚོགས་པར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་501%འཕར་བ་དང་གསོལ་མགྲོན་ཁང་གི་མངགས་ཐོ་ལྡབ་20ཙམ་འཕར་ནས་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དུས་མཚུངས་ལས་526.26%འཕར་ཡོད།

ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཞིང་། དགུན་དུས་འགྲན་ཚོགས་སྐབས་བཅུ་བཞི་པ་ནི་གངས་འཁྱགས་རྩལ་འགྲན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད་ལ། ས་གནས་དེ་གའི་མཛེས་ལྗོངས་ངོམ་སའི་སྐར་ཁུང་ཞིག་ཀྱང་རེད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ནང་སོག་གིས་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་བྱེད་སྒོ་རིགས་ཆེ་གྲས་7གྱི་རྣམ་གྲངས་ཁག་1500བཏོན་པ་དང་། ལེ་ལག་ཚང་བའི་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག་གཏོང་བ་དང་གཟིགས་སྐྱོང་འཛིན་ཤོག་སྤྲོད་པ་སོགས་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་བཏོན་ནས་རྒྱ་ཆེའི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་བཀུག་ཡོད། ཧུའུ་ཧོ་ཧའོ་ཐེ་ཡིས་གངས་འཁྱགས་འཛད་སྤྱོད་འཛིན་ཤོག་སྤྲད་དེ་གངས་འཁྱགས་འགྲན་བསྡུར་བྱེད་སྒོ་20ལྷག་ཙམ་སྤེལ་ཡོད། ཧུའུ་ལུན་པེར་གྱིས་གངས་འཁྱགས་རིག་གནས་ལུས་རྩལ་ཡུལ་སྐོར་དུས་ཚིགས་སྐབས་གཉིས་པ་སྤེལ་འགོ་ཚུགས་ཏེ“འགྲན་བསྡུར་དང་བསྟུན་ནས་ཡུལ་སྐོར་ལ་སྐྱོད་པ”དང“དགུན་དུས་ལུས་རྩལ་འགྲན་ཚོགས་ཁང་དུ་ལྟ་སྐོར་བྱེད”སོགས་ཀྱི་ཡུལ་སྐོར་རྣམ་གྲངས་ཁྱབ་གདལ་བཏང་ཡོད།

རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ནང་སོག་གི་ས་གནས་ཁག་གིས་གངས་འཁྱགས་ནཱ་ཏ་མུའུ་ཡི་རོལ་རྩེད་དང་། དགུན་དུས་ཉ་འཛིན་དུས་ཆེན། གངས་འཁྱགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་80ལྷག་ཙམ་སྤེལ་ནས་གངས་འཁྱགས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་ཡོད། དགུན་དུས་འགྲན་ཚོགས་སྐབས་བཅུ་བཞི་པའི་རམ་འདེགས་འོག ཧུའུ་ལུན་པེར་གྱི་གངས་འཁྱགས་ཀྱི་ཐོག་མའི་སྤུས་རྟགས་ཀྱི་སྙན་གྲགས་སྔར་བས་ཆེ་རུ་ཕྱིན་ཏེ། ཧུའུ་ལུན་པེར་རྟགས་ཅན་རྩྭ་ཐང་དང་ནགས་ཚལ་གྱི་རྩེར་སོན་ཡུལ་སྐོར་མེ་འཁོར་ཐེངས་གྲངས་12བཏང་བ་དང་ཝུའུ་ལན་ཁྲ་པུས་དགུན་དུས་ཀྱི་མཚན་མོར་འོད་སྣང་སྦྱིན་ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད་པས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་འགྲུལ་པ་མི་ཐེངས་ཁྲི་64ལྷག་ཙམ་ཟིན་ཡོད། འདི་ལོ་གཉེར་ཐེངས་དང་པོ་ཡིནཔའི“སོག་པོའི་གྱི་ལིང་རྟ་ཕོའི་སྙིང་སྟོབས་བུམ་པའི”ཤིས་ལིན་ཀུའོ་ལེ་སོག་པོའི་རྟའི་རིམ་འདས་རིམ་མཚུངས་མཉམ་འགྲན་གྱི་སྤྱིའི་མཐའ་བསྡུར་གྱིས་ས་གནས་ཁག་གི་ཡུལ་སྐོར་བ་5000ལྷག་ཙམ་འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་བཀུག་ཡོད།

(རིག་རྡོར་གྱིས་བསྒྱུར། ཉི་དོན་གྱིས་ཞུས)