འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས《ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བྱེད་སྒོའི་རྒྱབ་ཤ་སྔོན་པོའི་དེབ(2023ལོ)》ཁྱབ་བསྒྲགས་བྱས་པ་རེད།
《ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བྱེད་སྒོའི་རྒྱབ་ཤ་སྔོན་པོའི་དེབ(2023ལོ)》ལས་མངོན་པར། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་2024ལོའི་ལོ་ཧྲིལ་པོར་སྔོན་དཔག་བྱས་ན་འཕེན་གཏོང་ལས་འགན་ཐེངས་100ཡས་མས་བསྒྲུབས་ནས་ཟིན་ཐོ་གསར་པ་གཏོད་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་འཕེན་གཏོང་ལས་འགན་ཐེངས་67བྱས་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། འཇིག་རྟེན་འཕུར་སྐྱོད་ཡོ་ཆས་221ཞིབ་བཟོ་འཕེན་གཏོང་བྱས་པ། འཕེན་གཏོང་གི་ཐེངས་གྲངས་དང་དེ་བཞིན་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱི་གྲངས་འབོར་ཀྲུང་གོའི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་རྒྱང་སྐྱོད་རིམ་སྤེལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐེངས་47འཕེན་གཏོང་ལེགས་གྲུབ་བྱས་པ་དང་ལེགས་གྲུབ་བྱེད་ཚད་100%ཟིན་ཡོད། རིམ་རྩིས་བྱས་ན་འཕེན་གཏོང་ཐེངས་500ལས་བརྒལ་བ་དང་ཚོང་ལས་ཀྱི་མེ་ཤུགས་འཕུར་མདའ་གཞན་དག་ཐེངས་20འཕེན་གཏོང་བྱས་ཡོད།
འདས་ཟིན་པའི་ལོར་ཕྱིར་མིག་ལྟ་སྐབས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་འཕེན་གཏོང་བྱེད་སྒོའི་ཐད་འཕེན་གཏོང་བྱེད་མང་བའི་ལས་འགན་གོ་རིམ་ལྡན་པའི་ངང་ལག་བསྟར་དང་ལེགས་གྲུབ་ཐུབ་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ནས། འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཞིབ་བཟོ་དང་འཕེན་གཏོང་གི་གྲངས་འབོར་མགྱོགས་མྱུར་འཕར་བ་དང་ཞིབ་བཟོའི་ནུས་པ་ཆེ་རུ་ཕྱིན་ཡོད།