ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ལྷད་མེད་ཀྱི་སྨན་རྫས་སྤུས་ཚད་འགན་ལེན་དང་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཀྱི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་ལོ་གཅིག་དུས་གཅིག་གི་རིག་གཞུང་ཨུ་ལྷན་གྱི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པས་རང་རྒྱལ་དུ་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིགས་18817ཡོད་པ་གཏན་འཁེལ་བྱས་པ་རེད།
ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀུའོ་ལན་ཕིང་གིས། ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིགས་ཁྲི་1.8ལྷག་ཙམ་ཁྲོད་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་རྩི་ཤིང་རིགས་3151དང་སྲུང་སྐྱོང་བྱེད་དགོས་པའི་སྐྱེ་དངོས་རིགས་464ཚུད་ཡོད། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པར་ད་དུང་སྐྱེ་དངོས་རིགས་གསར་པ་196ཤེས་རྟོགས་བྱུང་བའི་ཁྲོད་རིགས་100ལྷག་ཙམ་ལ་སྨན་རྫས་རིན་ཐང་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
“རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པས་གཏན་འཁེལ་བྱས་པའི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིགས་12807ཡོད་པ་དང་། ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་ལས་རིགས་6000ལྷག་ཙམ་མང་དུ་ཕྱིན་པ་དེ་ཐོག་ནས། རང་རྒྱལ་གྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་བྱུང་བའི་རྣམ་པ་མངོན་ཡོད”ཅེས་ཀུའོ་ལན་ཕིང་གིས་བཤད་པ་རེད།
2011ལོ་ནས་བཟུང་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་སྒྲིག་འཛུགས་བྱས་ནས་གྲུབ་འབྲས་རབ་དང་རིམ་པ་ཐོན་ཡོད།
ཀུའོ་ལན་ཕིང་གིས། མིག་སྔར་རང་རྒྱལ་གྱིས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིར་གཞིགས་ནས《ཀྲུང་གོའི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཀྱི་མིང་གཞུང》ཕྱོགས་སྒྲིག་བྱས་ནས་བཟོས་པ་དང་། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་མཉམ་སྤྱོད་མ་ལག་གསར་སྤེལ་བྱེད་བཞིན་ཡོད་པ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བརྙན་ཤེལ་ཆེ་གྲས་གསར་སྤེལ་དང་འབྲེལ་ཡོད་འབྲེལ་མཐུད་ལས་དོན་རགས་ཙམ་བསྒྲུབས་ཟིན་པ། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཀྱི་དངོས་དཔེའི་མཛོད་ཆེ་ཤོས་བཙུགས་ནས་དངོས་དཔེའི་དངོས་རྫས་ཁྲི་120ལྷག་ཙམ་ཉར་ཚགས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་ལས་དོན་གྱི་རྨང་གཞིའི་ཐོག་རང་རྒྱལ་གྱིས་ད་དུང་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིའི་མཛོད་བཙུགས་པ་དང་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཀྱི་འགུལ་རྣམ་ལྟ་ཞིབ་མ་ལག་ཀྱང་བཙུགས་ཡོད། ས་གཤིས་ཆ་འཕྲིན་མ་ལག་དང་། གོ་ལ་ཧྲིལ་པོའི་གནས་ཐིག་གཏན་འཁེལ་མ་ལག རྒྱང་ཚོར་ལག་རྩལ་བཅས་ལྟེ་བར་བྱས་པའི་ཡོངས་ཁྱབ་ཞིབ་བཤེར་ལག་རྩལ་མ་ལག་ཆགས་ནས་ཡོངས་ཁྱབ་ཞིབ་བཤེར་བརྒྱུད་རིམ་དང་གྲངས་གཞིའི་ཚན་རིག་རང་བཞིན་འགན་ལེན་བྱས་ཡོད་པ་རེད།