《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月27日

“དུས་བདེའི་འབྲི་ཆུའི”བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

2023ལོར་གཙང་པོ་དང་འབྲེལ་བའི་ཉེས་དོན་གྱོད་གཞི་6500ལྷག་ཙམ་རྩད་ཆོད་པ་དང་ཉེས་གསོག་ཚོགས་པ་815མེད་པར་བཟོས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱ་ཆེད། སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ལ་2023ལོའི་ཟླ་3ཚེས་1ཉིན་ནས་བཟུང་འབྲི་ཆུའི་ཆུ་ཁོངས་སུ་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི“དུས་བདེའི་འབྲི་ཆུའི”ཆེད་དོན་བྱ་སྤྱོད་སྤེལ་དགོས་པའི་བཀོད་སྒྲིག་བྱས་ནས་ཉ་དང་། བྱེ་མ། ཆུ་ཐོག་སྐྱེལ་འདྲེན་བཅས་དང་འབྲེལ་བ་ཡོད་པའི་ཟོག་འགྲེམས་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་སྟེ། འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་གྱི་སྒྲིག་ལམ་ཁྲིམས་ལྟར་བཅོས་སྒྲིག་བྱས་ཡོད། 2023ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་གཙང་པོ་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་སྣ་ཚོགས་6500ལྷག་ཙམ་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་ཁྲི་1.1ལྷག་ཙམ་བཟུང་བ། ཚོགས་པ་815མེད་པར་བཟོས་པ། གཙོ་གནད་ཆུ་ཁོངས་5100ལྷག་ཙམ་བཅོས་སྒྲིག་བཅས་བྱས་ནས་འབྲི་ཆུའི་ཆུ་ཁོངས་ཀྱི་དཔལ་འབྱོར་གྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། སྐྱེ་ཁམས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་གཙང་རྒྱུད་ཀྱི་ས་གནས་ཁག་དང་འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་མཉམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ཚོགས་པ་ཅན་དང་འབྲེལ་ཐག་ཅན་གྱི་གྱོད་གཞིར་གཅིག་སྡུད་ཐོག་རྡུང་རྡེག་གཏོང་ཆེད། སྤྱི་བདེ་པུས་གཙོ་གནད་གྱོད་གཞི་28སྔ་རྗེས་སུ་མིང་སྦྱར་ལྟ་སྐུལ་བྱས་པ་རེད།

འབྲི་ཆུའི་ཁྲིམས་འགལ་གྱི་བྱེ་མ་སྔོག་འདོན་ཉེས་གསོག་ལ་དམིགས་ཏེ་སྤྱི་བདེ་ལས་ཁུངས་ཀྱིས“སྒྱུར་བཀོད་དང་། སྔོག་འདོན། སྐྱེལ་འདྲེན། འབེབས་འཇུག ཕྱིར་ཚོང་། བེད་སྤྱོད”བཅས་ལྷུ་ཚིགས་དྲུག་དང་། “མི་དང་། གྲུ་གཟིངས། བྱེ་མ། ལག་ཁྱེར། རྩིས་ཁྲ། གྱོད་གཞི”བཅས་རྒྱུ་རྐྱེན་གཙོ་བོ་དྲུག་ལ་དམ་པོར་དམིགས་ཏེ་རྡུང་རྡེག་ཚ་ནན་བཏང་ཡོད། 2023ལོར་འབྲི་ཆུའི་ཆུ་ཁོངས་སུ་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་གྱི་ཉེས་དོན་གྱོད་གཞི་232རྩད་ཆོད་པ་དང་ཁྲིམས་འགལ་ཉེས་གསོག་ཚོགས་པ་110མེད་པར་བཟོས་པར་གྱོད་འབྲེལ་དངུལ་སྒོར་དུང་ཕྱུར་2.5ཟིན་ཡོད། ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ས་ཆ་མང་པོར་ཁྱབ་པའི་སྒྲིག་འཛུགས་ཅན་གྱི་ཉེས་གསོག་གྱོད་གཞི་ཚབས་ཆེན་ཁག་གཅིག་རྩད་ཆོད་ནས་བྱེ་མ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཟིལ་གྱིས་མནན་ཡོད།

(དཀོན་སྒྲོལ་གྱིས་སྒྱུར། མཚམས་གཅོད་ཀྱིས་ཞུས)