འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་དགོང་མོར། དུས་ཡུན་ཉིན་10ཡི་2024ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ཕིང་ཕང་སྤོ་ལོའི་ཚོགས་པའི་འགྲན་བསྡུར་ཧན་གོའི་ཧྥོ་ཧྲན་དུ་མཇུག་འགྲིལ་ཞིང་། ཀྲུང་གོའི་རུ་ཁག་གིས་སྐྱེས་པའི་ཚོགས་པའི་ཨང་དང་པོ་བསྟུད་མར་ཐེངས་བཅུ་གཅིག་བླངས་པ་དང་བུད་མེད་ཚོགས་པའི་ཨང་དང་པོ་བསྟུད་མར་ཐེངས་དྲུག་བླངས་ཡོད་ལ། ལོ་རྒྱུས་ཐོག་གི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྐྱེས་པ་དང་བུད་མེད་ཚོགས་པའི་ཨང་དང་པོའི་བྱ་དགའི་སི་ཝེ་སི་ལིན་བུམ་པ་དང་ཁའོ་པི་ལུན་བུམ་པ་ཐེངས་ཉེར་གསུམ་པ་བླངས་ཡོད།
ཚེས་25ཉིན་གཉེར་བའི་སྐྱེས་པའི་ཚོགས་པའི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གི་རུ་མི་ཝང་ཁྲུའུ་ཆིན་དང་། ཧྥན་ཀྲེན་ཏུང་། མཱ་ལུང་བཅས་སྔ་རྗེས་སུ་འགྲན་བསྡུར་ནང་ཞུགས་ནས་ལེ་པུའུ་ལུན་གཅེན་གཅུང་དང་ཀའོ་ཙེ་ལས་གྲུབ་པའི་ཧྥ་རན་སེའི་རུ་ཁག་དང་འགྲན་བསྡུར་བྱས་ཡོད། 3:0གྱི་སྤྱིའི་བསྡུར་གྲངས་ཐོག་ནས་ཀྲུང་གོའི་རུ་ཁག་ལ་ཨང་དང་པོ་བླངས་རོགས་བྱས་ཡོད།
ཚེས་24ཉིན་བུད་མེད་ཚོགས་པའི་འགྲན་རར་མཇུག་བསྡུའི་འགྲན་བསྡུར་བྱས་ཤིང་། ཀྲུང་གོའི་རུ་ཁག་དང་རི་པིན་རུ་ཁག་གིས་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་བུད་མེད་ཚོགས་པའི་མཐའ་བསྡུར་ཁྲོད་ཐེངས་ལྔ་བསྟུད་མར་འགྲན་བསྡུར་བྱས་པ་དང་། ཀྲུང་གོའི་རུ་ཁག་གིས་སྤྱིའི་བསྡུར་གྲངས་3:2ཀྱི་ཐོག་ནས་ཨང་དང་པོ་བླངས་པ་རེད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)