《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年02月26日

སྐལ་སྒྲོན་གྱིས“གཞན་ཡུལ”དུ་དཔྱིད་གསར་དུས་ཆེན་བཏང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཞན་ཀན།

“འདི་ལོའི་ལོ་གསར་ཧོང་ཧྲིར་གཏོང་གི་ཡིན”ཞེས་གསར་འགོད་པ་འཕྲད་མ་ཐག་སྐལ་སྒྲོན་གྱིས་སྤྲོ་སྣང་ཆེན་པོས་དཔྱིད་གསར་དུས་ཆེན་གནས་གང་དུ་གཏོང་རྩིས་ཡོད་ལུགས་བཤད་བྱུང་། ཁོང་གི་ངོས་ནས་བརྗོད་ན་གདམ་ག་དེ་འདྲ་བྱས་པར་བདེ་སྐྱིད་དང་སྤྲོ་སྣང་མི་འདྲ་བ་ཞིག་ཡོད་ངེས།

འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་ཡོད། མ་གཞི་བྱས་ན་བོད་རིགས་སྤུན་ཟླ་ཚང་མ་ཕ་ཡུལ་དུ་ལོག་ནས་མཉམ་འཛོམས་བྱེད་པའི་དུས་ཆེན་གལ་ཆེན་ཞིག་ཡིན་ཡང་། སྐལ་སྒྲོན་གྱིས་སྤྱི་ལེ་3000ལྷག་ཙམ་གྱིས་བར་ཐག་ཆོད་པའི་ཧུའུ་པེའི་ཧོང་ཧྲིར་ལོ་གསར་གཏོང་རྒྱུའི་གདམ་ག་བྱས།

གཏམ་རྒྱུད་དེ་ཡང་སྐལ་སྒྲོན་འཇིག་རྟེན་མཐུན་འཇུག་ལམ་ལ་ཞུགས་པ་ནས་བརྗོད་དགོས།

ལོ་25ལ་སླེབས་པའི་སྐལ་སྒྲོན་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནས་ཡིན་པ་དང་། ཧུའུ་པེ་དང་བོད་གཉིས་དབར་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་བོད་སྐྱོར་སྲིད་ཇུས་ཀྱི་ལྕག་སྐུལ་དང་མཛུབ་ཁྲིད་ལ་བརྟེན་ནས། 2021ལོར་སྐལ་སྒྲོན་བོད་ལྗོངས་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས། ངོ་རྒྱུགས་འཕྲོད་ནས་ཧུའུ་པེའི་ཧོང་ཧྲིའི་ཁེ་ལས་ཅིན་ཕའེ་ཀུང་སིར་བསྡུས།

“ང་རང་ཁྱིམ་གྱི་ཕྲུ་གུ་གཅིག་པུ་དེ་ཡིན་པས། ཐོག་མར་ལྗོངས་ཕྱིའི་ལས་ཞུགས་ལ་མིང་ཐོ་འགོད་སྐབས་ཕ་མས་སེམས་ཁྲལ་དང་བློས་མ་ཐོངས་བར་ངའི་གདམ་གར་མོས་མཐུན་བྱས་མེད”ཅེས་སྐལ་སྒྲོན་གྱིས་བཤད་པ་དང་། ཁོང་གིས“ཡིན་ནའང་གདམ་ག་དེ་ནི་ངས་བསམ་བློ་ཞིབ་ཕྲ་བཏང་ནས་ཐག་བཅད་པ་ཞིག་ཡིན་སྟབས། མཇུག་ཏུ་ཕ་མས་མོས་མཐུན་བྱས་བྱུང”ཞེས་བཤད།

ཐོག་མར་ཧུའུ་པེར་སླེབས་སྐབས། སྐལ་སྒྲོན་ལ་མ་འཕྲོད་པ་མང་པོ་ཞིག་བྱུང་བ་སྟེ། སྐལ་སྒྲོན་གྱི་ལས་ཀ་ཐོག་མ་ནི་ཐོན་སྐྱེད་འཁོར་ཁང་དུ་ལྟ་སྦྱོང་བྱ་རྒྱུ་དེ་ཡིན། “ལས་ཀ་གསར་པར་རྒྱུས་མངའ་མེད་པ་དང་གནོན་ཤུགས་ཆེ་བར་བརྟེན་ཡིད་ཐང་ཆད་མྱོང” སྡེ་ཚན་གཅིག་ནས་ཡིན་པའི་རང་ཉིད་ལས་ལོ་5ཡིས་ཆེ་བའི་ཁེ་ཁྲང་ཧྲན“སློབ་སྟོན་དགེ་རྒན”དུ་བསྟེན་པས་ལས་སྒོར་མཛུབ་ཁྲིད་དང་རོགས་རམ་ཞིབ་ཚགས་བྱུང་སྟེ་སྐལ་སྒྲོན་ལ་ལྕག་སྐུལ་དང་རྒྱབ་སྐྱོར་ཆེན་པོ་ཐོབ།

ལས་ཞུགས་ནས་ལས་གཏོད་བར་དང་། ངོ་ཤེས་ནས་རོགས་པའི་བར་གྱི་འགྱུར་ལྡོག་བྱུང་བ་ལས་ལས་ཀར་ཕན་ཚུན་རོགས་རམ་དང་འཚོ་བར་ཕན་ཚུན་སེམས་ཁུར་ཐོབ་སྟེ། མཐར་ཁོང་གཉིས་རིམ་བཞིན་བཟའ་ཟླར་གྱུར། ད་ཆ་སྐལ་སྒྲོན་ལས་ཀར་བྱང་ཆུབ་པ་དང་མ་འོངས་ཀྱི་མདུན་ལམ་ལ་རེ་བས་ཁེངས་ཤིང་། འདི་ལོའི་དཔྱིད་གསར་དུས་ཆེན་ནི་སྐལ་སྒྲོན་གཉེན་སྒྲིག་བྱས་རྗེས་དཔྱིད་གསར་དུས་ཆེན་གཏོང་ཐེངས་ཐོག་མ་ཡིན་པས། སྐལ་སྒྲོན་དང་ཁེ་ཁྲང་ཧྲན་ནང་མོལ་བྱས་རྗེས་ས་གནས་དེ་གར་ལོ་གསར་གཏོང་རྒྱུའི་གདམ་ག་བྱས།

“ལེ་དབར་སྟོང་གིས་ཆོད་ཀྱང་ཡུལ་སྲོལ་གོམས་གཤིས་ཐད་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་དབར་འདྲ་བའི་ཆ་མང་པོ་ཡོད་པ་དཔེར་ན། ཚང་མས་ལོ་གསར་གོང་ལ་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་དང་ཁང་པར་གཙང་སྦྲ་བྱེད་ཀྱི་ཡོད་ལ། དགའ་ཉེ་སྤུན་མཆེད་དབར་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་ཞུ་རེས་བྱེད་ཀྱི་ཡོད”ཅེས་སྐལ་སྒྲོན་གྱིས་བརྗོད་པ་དང་། ཁོང་གིས“དཔྱིད་གསར་གྱི་རྟེན་འབྲེལ་ཆ་ཡིག་སྦྱར་བ་དང་མཉམ་འཛོམས་ཁ་ལག་ཟ་བ་དེ་བོད་ཀྱི་ཁྱིམ་ཚང་མང་པོའི་ལོ་གསར་གྱི་གོམས་གཤིས་སུ་གྱུར་ཡོད”ཅེས་བརྗོད།

གཞན་ཡུལ་དུ་བསྡད་ཀྱང་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན། “ན་ནིང་གྱོས་པོ་དང་གྱོས་མོས་བོད་ནས་ཚགས་ཤ་དང་། མར། རྩམ་པ་བཅས་བསྐུར་བྱུང”ཞེས་ཁེ་ཁྲང་ཧྲན་གྱིས་བརྗོད་པ་དང་། ཁོང་གིས“བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར། བཟའ་ཟླས་དགུ་ཐུག་ཐེངས་དང་པོ་བསྐོལ་བར་ཁྱིམ་མི་ཚང་མས་ཞིམ་པོ་འདུག་ཅེས་བརྗོད་ཀྱི་འདུག”ཅེས་བརྗོད། ལོ་གསར་གཏོང་རིང་། ས་གནས་དེ་གས་ད་དུང་མེ་ཏོག་ཁྲོམ་སྟོན་དང་། ཚོགས་མཆོད་འཚོག་པ། ལོ་གསར་མཁོ་ཆས་ཉོ་བ་སོགས་ཀྱི་བྱེད་སྒོ་གཉེར་བར་བརྟེན་བཟའ་ཚང་གཉིས་ཀྱིས་ས་ཆ་མང་པོ་བསྐོར་ཡོད།

2020ལོ་ནས་བཟུང་། ཧུའུ་པེའི་ཧོང་ཧྲི་དང་། བོད་ལྗོངས་ལྷོ་ཁ་ས་གནས་གཉིས་ཀྱིས་སྲིད་གཞུང་དང་ཁེ་ལས་ཀྱི“ཐོན་ཁུངས་གཉིས”གང་ལེགས་སྤྱད་དེ་ལོ་གསུམ་ནང་ལས་ཞུགས་ལས་གནས་500ལྷག་ཙམ་གཏོད་པ་དང་། དངོས་སྦྱོང་སྦྱོང་བརྡར་མི་ཐེངས་100ལྷག་ཙམ་སྒྲིག་འཛུགས་བྱས་པ། ལས་གཏོད་སྐྱེད་སྲིང་མི་ཐེངས་20ལྷག་ཙམ་གསོ་སྦྱོང་བཅས་བྱས་པས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧུའུ་པེར་ལས་ཞུགས་ལས་གཏོད་བྱེད་པའི་གཞི་ཁྱོན་བརྟན་དུ་སོང་ཡོད།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་ཆ་སྒྲིག་སྲིད་ཇུས་30ལྷག་ཙམ་སྔ་རྗེས་སུ་བཏོན་ནས་འཚོ་བའི་ཁ་གསབ་དང་། སྡོད་ཁང་གི་ཁ་གསབ། གཉེན་འཕྲད་ཀྱི་ལམ་དངུལ། ཁྱིམ་གཞི་འཛུགས་པའི་འགྲོ་གྲོན། ལས་ཞུགས་བརྟན་པོ་ཡོང་བའི་བྱ་དགའི་དངུལ་སོགས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་མཐུན་སྦྱོར་ཧུར་ཐག་གིས་དེའི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ་སྡོད་ཁང་དང་། གཞི་ཆགས། གཉེན་འཕྲད། བུ་ཕྲུག་སློབ་གྲྭར་གཏོང་བ་སོགས་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་དོ་ཁུར་དང་རྒྱབ་སྐྱོར་སྔར་བས་ལྷག་པའི་ཐོག སྲིད་ཇུས་ལེགས་བསྡུས་ཅན་དང་ཁ་གསབ་ཕན་ཚུན་གསབ་རེས་རྣམ་པའི་ལྗོངས་ཕྱིའི་ལས་ཞུགས་རྒྱབ་སྐྱོར་མ་ལག་ཆགས་པར་བྱས་པས། མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།

(པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)