ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་དེ་ཉིན་བརྙན་ལམ་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། པེ་ཅིང་དང་། ཧོ་པེ། ཧྥུ་ཅན། ཀོང་ཏུང་། ཀོང་ཤིས། ཧའེ་ནན། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་སོགས་ཞིང་ཆེན་དང་བརྙན་ལམ་འབྲེལ་མཐུད་བྱས་ཏེ་ནགས་ཚལ་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། དོགས་ཟོན་ཆེར་སྐྱེད་རྒྱུན་འཁྱོངས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་མགྱོགས་མྱུར་དོན་ཐོག་ཏུ་འཁྱོལ་བ་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། ལྷག་པར་དུ་ཀུའེ་ཀྲོའུ་དང་ཀོང་ཤིས་སུ་མེ་སྐྱོན་སླར་ཡང་མི་ཐོན་པའི་འགོག་ཟོན་ནན་པོ་བྱེད་པ་མ་ཟད། ས་ཁུལ་གཞན་དག་གིས་ཀྱང་རིམ་པ་བཞིན་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲིར་དམ་འཛིན་ནན་པོ་བྱས་ནས“སྔོན་ལ་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། རྐྱེན་ཆུང་དུས་ནས་སེལ་བ”བཅས་བྱེད་དགོས། འབྱུང་རྩ་ནས་དོ་དམ་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ནས། མེ་ཁུངས་དོ་དམ་དང་ཚོད་འཛིན་བྱེད་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། ནགས་ཚལ་རྩྭ་ཐང་དང་། འཕྲལ་སྡོམ། སྤྱི་བདེ་སོགས་སྡེ་ཚན་གྱིས་རང་སོ་སོའི་འགན་ནུས་དང་ཟུང་འབྲེལ་གྱིས་མེ་རྫས་གཏན་འགོག་བཀའ་རྒྱ་དུས་ཐོག་ཏུ་གཏོང་བ། འགན་གཙང་ལེན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། མེ་ཁུངས་དོ་དམ་ཏན་ཏིག་བྱེད་པ། ཉེ་དུས་ཀྱི་གྱོད་གཞིར་མྱུལ་ཞིབ་ནན་པོ་དང་མགྱོགས་པོ་བྱེད་པ་དང་འབྲེལ་ཞིབ་གཅོད་དང་དམར་འདོན་ཡང་བྱས་ཏེ་ཉེན་ཟོན་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་དགོས། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་། སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་འཛུགས་དང་བཀོད་འདོམས་བྱེད་པ། སྟོབས་ཤུགས་སྤྱི་འདོམས་བྱེད་པ། སྒྲིག་ཆས་དང་དངོས་ཟོག་གྲབས་གསོག་སྔོན་ལ་བྱེད་པ། ས་ཁོངས་མཉམ་འགོག་མཉམ་སྡོམ་སོགས་ཀྱི་གྲ་སྒྲིག་ཁག་གང་ལེགས་བྱས་ཏེ་འཕྲལ་དུ་དང་ལེན་ཐུབ་པར་བྱེད་དགོས། མེ་གསོད་སྐབས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་ཆེད་ལས་ཀྱི་བཀོད་འདོམས་བྱས་ནས་མེ་གསོད་མི་སྣ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་བཏང་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་འདེབས་དགོས།